རྒྱ་གར་གྱི་ཡེ་ཤུའི་ཆོས་ལུགས་པར་རྡུང་རྡེག་ཕོག་པར་སྐྱོན་བརྗོད།

ཧིན་རྡུའི་ལྟ་བ་འཛིན་མཁན་སྲིད་དོན་པ་རྣམས་ཀྱིས་ཡེ་ཤུའི་བློན་ཆེན་མཆོག་གིས་ཡུལ་གྱི་ནང་སྲིད་ནང་ཐེ་བྱུས་བྱས་པའི་སྐྱོན་བརྗོད་གནང་འདུག

༄༅༎ཡེ་ཤུའི་བློན་ཆེན་པོབ་སྦེ་ནེ་ཌིག་མཆོག་གིས་རྒྱ་གར་ནང་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་པར་རྡུང་རྡེག་ཕོག་པར་སྐྱོན་བརྗོད་གནང་བ་དེར་རྒྱ་གར་གྱི་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་དཔོན་རྣམས་ཀྱིས་དགའ་བསུ་ཞུས་ཡོད་ཀྱང་ཧིན་རྡུའི་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་སྲིད་དོན་པ་རྣམས་ཀྱིས་ཡེ་ཤུའི་བློན་ཆེན་མཆོག་གིས་ཡུལ་གྱི་ནང་སྲིད་ནང་ཐེ་བྱུས་བྱས་པའི་སྐྱོན་བརྗོད་གནང་ཡོད་པ་རེད་

རེས་གཟའ་ཉི་མ་ཉིན་ཡེ་ཤུའི་བླ་ཆེན་མཆོག་གིས་ཡེ་ཤུའི་གདན་ས་ལྦེ་ཀྲི་ཁེན་དུ་རྒྱ་གར་གྱི་ཡེ་ཤུའི་བུད་མེད་ཅིག་སྐྱེས་ཆེན་དམ་པ་ཡིན་པའི་ངོས་འཛིན་གྱི་ཆོ་ག་དེ་གནང་སྐབས་དེར་འདུས་མང་ཚོགས་ལ་རྒྱ་གར་དང་ཨི་རག་ནང་ཡོད་པའི་ཡེ་ཤུ་བ་རྣམས་ལ་སྨོན་ལམ་དང་ཁོ་ཚོར་རྡུང་རྡེག་གཏོང་མཁན་རྣམས་ཀྱིས་དྲག་སྤྱོད་ཀྱི་ལས་དོན་མཚམས་འཇོག་བྱེད་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་བླ་མ་ཌོ་མི་ནིཁ་ཨེ་མེ་ནུའེལ་ཡིས་པོབ་མཆོག་གིས་བཀའ་མོལ་དེས་རང་རང་སོ་སོས་སྐྱོབས་མ་ཐུབ་པའི་གྲངས་ཉུང་མི་རིགས་ཤིག་གི་དཀའ་སྡུག་དེ་རྒྱལ་སྤྱིའི་ཐོག་དོ་སྣང་སླེབས་པ་གནང་ཡོད་པ་རེད་ཅེས་གསུང་འདུག ཡང་རྒྱ་གར་གྱི་སྦི་ཇེ་པི་སྲིད་དོན་ཚོགས་པའི་མགྲིན་ཚབ་མ་སུཤི་མ་ས་ལྦ་རཇེ་ཡིས་གོང་ཞུས་ཡེ་ཤུའི་བླ་ཆེན་པོབ་མཆོག་གི་གསུང་པའི་བཀའ་མོལ་དེའི་ལན་པོར་རྒྱ་གར་ནི་རང་དབར་རང་བཙན་ལྡན་པའི་ཡུལ་གྲུ་ཞིག་ཡིན་སྟབས་ཆོས་ཀྱི་དབུ་ཁྲིད་ཅིག་གིས་བཀའ་མོལ་དེ་འདྲ་གསུང་དགོས་དོན་ཡོད་པ་མ་རེད་ཅེས་གསུང་འདུག རྒྱ་གར་གྱི་མི་འབོར་དེ་ཐེར་འབུམ་གཅིག་ལྷག་ཡོད་ཅིང་དེའི་ཁོངས་བརྒྱ་ཆ་གཉིས་དང་གྲངས་ཆུང་གསུམ་ཙམ་ཞིག་ཡེ་ཤུ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org