བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིར་ཉིན་གཉིས་རིང་འཚོགས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༦པའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་དེ་བཞིན་ཉིན་གཉིས་རིང་སུད་སིར་ཚོགས་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིར་ཚོགས་བཞིན་པ། ༠༥།༡༣།༢༠༢༤ CTA

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༦པའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་དེ་བཞིན་ཕྱི་ཟླ་༥བའི་ཚེས་༡༣ཉིན་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་དབུ་འཛུགས་ཀྱིས་ཚེས་༡༤བར་ཉིན་གྲངས་གཉིས་རིང་ཚོགས་ཡོད་པ་དང་། འདི་ནི་ཚོགས་ཆུང་དེའི་ལོ་འཁོར་ཚོགས་འདུ་ཐེངས་གཉིས་པ་དེ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་གཙོ་བོ་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་ཞུ་རྒྱུའི་མཚོན་ལས་དོན་སྒྲུབ་ཕྱོགས་ཀྱི་ཐད་བཀའ་བསྡུར་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཚོགས་འདུ་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་གཙོ་སྐྱོང་གནང་བའི་ཐོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། བཀའ་ཟུར་བསྟན་པ་ཚེ་རིང་ལགས། ༧དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས། བཀའ་དྲུང་ལས་འཕར་བློ་བཟང་ཆོས་གྲགས་ལགས་བཅས་ལྷན་ཞུགས་གནང་འདུག

ཚོགས་འདུ་འདིའི་ནང་གཙོ་བོ་དེ་སྔ་ཚོགས་འདུ་ཐེངས་མ་ལྔ་གནང་བའི་ནང་ཐབས་ལམ་ལག་ལེན་བསྟར་གནང་རྒྱུ་གཏན་འབེབས་གནང་བ་ཁག་ལ་བསྐྱར་ཞིབ་དང་མ་འོངས་པར་གནང་ཕྱོགས་ཇི་དགེའི་སྐོར་སོགས་བཀའ་བསྡུར་གནང་བཞིན་ཡོད་འདུག
ད་ལྟའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་འདི་ནི། སྤྱི་ལོ་༢༠༢༡ལོའི་ཟླ་༨པའི་ཚེས་༡༣ཉིན་བཀའ་ཤག་སྐབས་བཅུ་དྲུག་པས་དེ་སྔ་ནས་ཡོད་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་ཁུ་བསྡུ་གནང་རྗེས་གསར་བཙུགས་གནང་བ་ཞིག་ཡིན་པ་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ་སྤྱི་ལོ་༢༠༢༡ལོའི་ཟླ་༡༡ཚེས་༡༦ནས་༡༨བར་ཉིན་གྲངས་གསུམ་རིང་ནོར་གླིང་ཉེ་འཁྲིས་ཀྱི་(Imperial Heights)་གསོལ་མགྲོན་ཁང་དུ་འཚོགས་ཡོད་པ་དང་། ཐེངས་གཉིས་པ་དེ་སྤྱི་ལོ་༢༠༢༢ཟླ་༧ཚེས་༢༧ནས་༢༩བར་ཉིན་གསུམ་རིང་བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་ཨེ་ཤེ་ཡའི་གསོལ་མགྲོན་ཁང་(Asia Health Resort)་དུ་འཚོགས། ཚོགས་འདུ་ཐེངས་གསུམ་པ་དེ་སྤྱི་ལོ་༢༠༢༢ཟླ་༡༡ཚེས་༢༥ནས་ ༢༧བར་འཚོགས། ཚོགས་འདུ་ཐེངས་བཞི་པ་སྤྱི་ལོ་༢༠༢༣ ཟླ་༤ཚེས་༦ནས་༨བར་ཉིན་གསུམ་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཚོགས། ཚོགས་འདུ་ཐེངས་ལྔ་བ་སྤྱི་ལོ་༢༠༢༣ཟླ་༡༡ཚེས་༨ཉིན་ནས་ཉིན་གྲངས་གསུམ་རིང་སཱ་ར་མཐོ་སློབ་ཏུ་འཚོགས་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org