ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་རྒྱན་རྒྱབ་ནས་ཚོད་འཛིན་བྱེད་བཞིན་པ།

བྲག་མགོ་ཕྱོགས་སུ་རྒྱ་ནག་གིས་བོད་མི་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་རྒྱན་རྒྱབ་ནས་ཚོད་འཛིན་བྱེད་བཞིན་པ།

རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར། དྲ་བཤུས།

བྲག་མགོ་ཕྱོགས་སུ་རྒྱ་ནག་གིས་བོད་མི་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་རྒྱན་རྒྱབ་ནས་ཚོད་འཛིན་བྱེད་བཞིན་པ།
དཀར་མཛེས་ཁུལ་བྲག་མགོ་རྫོང་ཁོངས་ནས་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ལེན་མཁན་ཚོར་རྒྱན་བརྒྱབ་སྟེ་མི་གྲངས་༡༥༠་ལ་རྒྱན་ཐོབ་ཡོད་ཀྱང་མ་འོངས་པར་རྒྱན་ཐོབ་མཁན་ཚོའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད་འདུག
དེ་ཡང་བོད་ཀྱི་དུས་བབ་ཀྱི་གནས་ཚུལ་ལྟར་ན། བོད་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་བོད་མི་ཧ་ཅང་མང་པོ་ཕྱིའི་རྒྱལ་ཁབ་ཁག་གི་ནང་ཡུལ་སྐོར་དང་། གནས་མཇལ་དུ་འགྲོ་བཞིན་ཡོད་པ་ལྟར། ད་ལོ་བྲག་མགོ་རྫོང་ཁོངས་སུ་ཕྱི་བསྐྱོད་ལག་ཁྱེར་ལེན་མཁན་མང་པོ་ཡོད་པ་རེད་འདུག དཀར་མཛེས་ཁུལ་གྱི་བྲག་མགོ་རྫོང་ཉེན་རྟོག་ཁང་གི་བཀའ་བཀོད་འོག་ཕྱི་ཟླ་དྲུག་པའི་ཚེས་༢༤་ཉིན་ཕྱི་སྐྱོད་ལག་འཁྱེར་ལེན་མཁན་ཚང་མར་རྒྱན་བརྒྱབ་སྟེ་མི་གྲངས་༡༥༠ལ་རྒྱན་ཐོབ་ཡོད་པ་རེད་འདུག། འོན་ཀྱང་རྒྱན་ཐོབ་པ་ཙམ་གྱི་འགྲོ་ཤག་ཤག་མེད་པར་མ་འོངས་པར་རྒྱན་ཐོབ་མཁན་ཚོའི་ལོ་རྒྱུས་རྒྱབ་ལྗོངས་དང་། ཆབ་སྲིད་ཀྱི་གནད་དོན་ཡོད་མེད་སོགས་ལ་ཞིབ་འཇུག་བྱས་ཏེ་བཀག་འགོག་བྱེད་པའི་ཉེན་ཁ་ཡོད་པ་རེད་འདུག།
གནས་ཚུལ་ནང་། ཕྱི་བསྐྱོད་ལག་ཁྱེར་ལ་དམ་དྲག་བྱེད་པའི་བྱ་འགུལ་དེ་བྲག་མགོ་རྫོང་རང་ནས་བཀོད་ཁྱབ་བཏང་སྟེ་ལག་བསྟར་བྱས་པ་ཞིག་ཡིན་ལ། ཕྱི་ཕྱོགས་སུ་འགྲོ་མཁན་གྱི་གྲངས་འབོར་ལ་སྟངས་འཛིན་བྱེད་པའི་ཆེད་དུ་ཡིན་འདུག་ལ་རིམ་པས་དཀར་མཛེས་ཁུལ་ཡོངས་ཀྱི་ནང་ལག་བསྟར་བྱ་རྒྱུ་ཡིན་པ་གནས་ཚུལ་ནང་བཀོད་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org