བལ་ཡུལ་མངའ་སྡེའི་གཞི་སྒྲོམ་བསྐྱར་སྒྲིག་གནང་ཕྱོགས་ཐད་གྲོས་མོལ།
བལ་ཡུལ་མངའ་སྡེའི་གཞི་སྒྲོམ་བསྐྱར་སྒྲིག་གནང་ཕྱོགས་ཐད་གྲོས་མོལ་གནང་ཡང་ཐག་གཅོད་ཐུབ་མིན་འདུག
-
2012-04-28 -
-
-
༄༅༎བལ་ཡུལ་སྲིད་དོན་ཚོགས་པ་ཆེ་ཁག་གི་འགོ་ཁྲིད་རྣམས་ཁ་ས་ལྷན་ཚོགས་གནང་སྟེ་བལ་ཡུལ་མངའ་སྡེའི་གཞི་སྒྲོམ་བསྐྱར་སྒྲིག་གནང་ཕྱོགས་ཐད་གྲོས་མོལ་གནང་ཡང་ཐག་གཅོད་ཐུབ་མིན་འདུག
བལ་ཡུལ་དམར་ཤོག་མའོ་སྲིད་དོན་ཚོགས་པ་དང༌།དམར་ཤོག་CPN (UML) སྲིད་དོན་ཚོགས་པ་། ཀོང་རེསི་སྲིད་དོན་ཚོགས་པ་བཅས་ཀྱི་འགོ་ཁྲིད་རྣམས་ལྷན་འཛོམས་སྐབས་གཉིས་པ་ཞིག་གནང་ཡང་སྲིད་དོན་ཚོགས་པ་ཚང་མས་རང་རང་སོ་སོའི་འདོད་ཕྱོགས་ལ་མཁྲེགས་བཟུང་བྱས་པ་ལས་གུ་བཤང་གནང་གི་མེད་སྟབས། སྤྱི་མོས་ཐག་གཅོད་མེད་པར་ནར་ལུས་སུ་གྱུར་འདུག
དཔེར་ན། དམར་ཤོག་མའོ་ཚོགས་པས་བལ་ཡུལ་གྱི་མངའ་སྡེའི་གཞི་སྒྲོམ་བསྐྱར་སྒྲིག་བྱེད་སྐབས་མངའ་སྡེ་གྲངས་བཅུ་དགོས་པའི་གྲངས་ཚད་ལ་བསྒྱུར་བ་བཏང་མེད་པ་དང༌། ཕྱོགས་མཚུངས་ཀོང་རེ་སི་སྲིད་དོན་ཚོགས་པས་མངའ་སྡེ་གྲངས་བདུན་དགོས་པའི་ཐག་གཅོད་ལ་བསྒྱུར་བ་གཏོང་ཐབས་མེད་ལུགས་བཤད་དེ་མཁྲེགས་བཟུང་གནང་བཞིན་པ་རེད། འོན་ཀྱང་དམར་ཤོག་CPN (UML) ཚོགས་པས་གུང་ཡངས་རྣམ་འགྱུར་བསྟན་ཏེ་མངའ་སྡེའི་གཞི་སྒྲོམ་བསྐྱར་སྒྲིག་གནང་བའི་གྲངས་ཚད་བདུན་ནས་བཅུ་གཉིས་བར་ཡོང་ཆོག་པ་གསུངས་ཡང་སྲིད་དོན་ཚོགས་པ་ཚང་མས་སྤྱི་མོས་འཐོབ་གལ་ཆེ་ལུགས་གསུངས་གནང་ཡོད་པ་རེད། གང་ལྟར་མངའ་སྡེའི་གཞི་སྒྲོམ་བསྐྱར་སྒྲིག་བྱ་རྒྱུ་ནི། རྩོད་གཞི་དང་དཀའ་རྙོག་ཆེ་བའི་ལས་གཞི་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། འགོ་ཁྲིད་རྣམས་སླར་ཡང་རེས་གཟའ་ཉི་མའི་ཉིན་ལྷན་འཛོམས་གནང་སྟེ་ཐག་གཅོད་ཡོང་ཐབས་སུ་འབད་བརྩོན་གནང་གཏན་འཁེལ་ཡོད་པ་རེད།
ཡང་ཀོང་རེསི་སྲིད་དོན་ཚོགས་པས་མངའ་སྡེ་གྲངས་བདུན་དགོས་པའི་ཐག་གཅོད་གནང་ཡོད་ཀྱང་མངའ་སྡེ་ཆ་བགོས་བྱ་ཕྱོགས་ཐད། ཐོག་མར་གཞུང་ཐིག་བརྒྱབ་སྟེ་ཆ་བགོས་བྱ་རྒྱུའི་བསམ་འཆར་བྱུང་ཡོད་ཀྱང་རྗེས་སུ་འཕྲེད་ཐིག་བརྒྱབ་སྟེ་ཆ་བགོས་བྱས་ན་ལེགས་པའི་ཐག་གཅོད་གནང་ཡོད་པ་རེད། གཞུང་ཐིག་བརྒྱབ་སྟེ་མངའ་སྡེ་ཆ་བགོས་བྱས་ན།བལ་ཡུལ་དུམ་བུར་འཐོར་ཞིག་འགྲོ་ཉེན་ཆེ་བར་འཇིགས་སྣང་གནང་མཁན་ཡོད་པ་རེད། འོན་ཀྱང་དམར་ཤོག་མའོ་ཚོགས་པས་མངའ་སྡེ་ཆ་བགོས་བྱེད་ཕྱོགས་ནི། མི་རིགས་སུ་དབྱེ་སྟེ་མངའ་སྡེ་ཆ་བགོས་བྱ་འཆར་ཡོད་པ་རེད། དཔེར་ན། ཐ་རུ་ལྦན། མ་ག་རཏ། ཏ་མུ་ལྦན། ཏམ་ས་གླིང༌། ནེ་ལྦ། ཀི་རཏ། ལིམ་སྦུ་ལྦན། ཀོ་ཆི་ལ། ཤར་པ། བོ་ཊེ་།བླ་མ་བཅས་མི་རིགས་བཅུ་ལ་ཆ་བགོས་གནང་འདུག།