ལྷ་སར་བོད་མི་བརྒྱ་ཕྲག་འགའ་འཛིན་བཟུང་བཀག་ཉར་།
བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བྱུང་རྗེས་ལྷ་སའི་ནང་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བཀག་ཉར།
-
2012-05-31 -
-
-
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བྱུང་རྗེས་ལྷ་སའི་ནང་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎
རེས་གཟའ་ཉིན་མའི་ཉིན་ལྷ་སའི་ཇོ་ཁང་གི་མདུན་དུ་བོད་མི་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་བ་དང་ དེ་བཞིན་ཚེས་༣༠ཉིན་ བོད་བྱང་ཤར་ཨ་མདོ་རྔ་པ་ཛམ་ཐང་ནང་ རང་ལོ་༣༦ ཡིན་པ་བོད་པའི་བེུད་ཅིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་པ་ནས་བཟུང་ རྒྱལ་ས་ལྷ་སའི་ནང་ད་བར་ ས་གནས་བོད་མི་དང་གནས་མཇལ་བ་སོགས་ཁྱོན་བོད་མི་༦༠༠ལྷག་དོ་དམ་བཀག་ཉར་འོག་ཚུད་ཡོད་པ་མ་ཟད་ བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནས་ཡིན་པའི་བོད་མི་རྣམས་ལྷ་ས་ནས་ཕྱིར་བུད་བྱེད་བཞིན་ཡོད་འདུག་ ཕེརས་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན་ ཕྱི་རྒྱལ་གསར་འགོད་པ་ཚོར་ དམིགས་བསལ་གྱི་བཀའ་ཁྲོལ་མེད་པར་ བོད་རང་སྐྱོང་ལྗོངས་ཁུལ་དུ་སྐྱོད་ཆོག་གི་མེད་པ་རེད་ལ་ བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་རེས་གཟའ་ཕུར་བུའི་ཉིན་གནས་ཚུལ་བཀོད་སྤེལ་བྱས་དོན་དུ་ རྒྱ་ནག་གུང་དྲན་ཏང་གི་མཐོ་རིམ་འགོ་འཁྲིད་ཅིག་གིས་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་ ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་དམ་བསྒྲཌ་ཚ་ནན་བྱེད་དགོས་པ་དང་ དེ་བཞིན་དྲ་རྒྱ་དང་ལག་ཁྱེར་ཁ་པར་བརྒྱུད་ སྤྱི་ཚོགས་ནང་དཀྲོག་གཏམ་གྱི་གནས་ཚུལ་རིགས་ཁྱབ་སྤེལ་འགོག་ཐབས་སུ་དམ་བསྒྲཌ་ཤིན་ཏུ་ཆེན་པོ་བྱ་དགོས་སྐོར་བཀོད་ཁྱབ་བཏང་ཡོད་འདུག་ ༢༠༠༩ལོར་ བོད་མདོ་སྨད་ཁུལ་དུ་ བཀྲ་བྷེ་་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་པ་ནས་བཟུང་ད་བར་བོད་མི་ ༣༨ གྱིས་ བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཏེ་ རང་ལུས་མེར་སྲེག་བཏང་ཡོད་ཅིང་ དེའི་ནང་ནས་བོད་མི་ ༢༩ འདས་གྲོངས་སུ་གྱུར་ཡོད་པ་དང་ གཞན་རྣམས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པའམ་ ཡང་ན་ ཕན་མེད་ཆགས་ཡོད་པ་མ་ཟད་ རང་ལུས་མེར་སྲེག་གཏོང་མཁན་བོད་མི་ལྔ་ ད་ལྟའི་ཆར་ས་གནས་གང་དུ་ཡོད་པ་དང་གནས་སྟངས་ཇི་ཡིན་སྐོར་ཤེས་རྟོགས་གང་ཡང་མི་ཐུབ་པའི་གནས་ལ་གྱུར་ཡོད་པ་རེད་༎