ཨོ་ལིམ་པིཀསི་རྩེད་འགྲན་སྐབས་ངོ་རྒོལ་ལས་འགུལ་རིགས་སྤེལ་ཚེ་ཉེས་ཆད་ཕོག་རྒྱུའི་ཉེན་བརྡ་བཏང་འདུག
ཟླ་རྗེས་མར་རྒྱ་ནག་པེ་ཅིང་དུ་འཚོགས་རྒྱུའི་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་ངོ་རྒོལ་ལས་འགུལ་རིགས་སྤེལ་ཚེ་ཉེས་ཆད་ཕོག་རྒྱུ་ཡིན་པ་རྒྱ་ནག་གིས་ཉེན་བརྡ་བཏང་འདུག
- 2022-01-19
-
-
-
ཟླ་རྗེས་མར་རྒྱ་ནག་པེ་ཅིང་དུ་འཚོགས་རྒྱུའི་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་ངོ་རྒོལ་ལས་འགུལ་རིགས་སྤེལ་ཚེ་ཉེས་ཆད་ཕོག་རྒྱུ་ཡིན་པ་རྒྱ་ནག་གིས་ཉེན་བརྡ་བཏང་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་སྒྲིག་གཞི་ཨང་༥༠་པའི་ནང་། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོའི་སྐབས་རྩེད་འགྲན་པ་སུ་རུང་གིས་ཆབ་སྲིད་དང་། ཆོས་ལུགས། མི་རིགས་ཀྱི་གནད་དོན་བཅས་ཀྱི་ཐོག་ནས་ངོ་རྒོལ་གྱི་རྣམ་པ་སྟོན་མི་ཆོག་པ་གསལ་ཡོད་ཀྱང་། རྩེད་ཐང་དུ་དེ་འདྲའི་ངོ་རྒོལ་གྱི་རྣམ་པ་དེ་འགྲན་རྩོད་ལ་དོ་ཕོག་མེད་པ་དང་། རྩེད་འགྲན་པ་གཞན་ལ་གུས་བརྩི་ལྡན་པའི་ལས་འགུལ་རིགས་ལ་གུ་ཡངས་བྱེད་རྒྱུ་ཡིན་པ་སྔ་ལོར་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་སྒྲིག་གཞི་བསྐྱར་བཅོས་བྱས་ཡོད་པ་རེད། ཡིན་ན་ཡང་འདི་ཚེས་༡༩་རེས་གཟའ་ལྷག་པའི་ཉིན། རྒྱ་ནག་གཞུང་གི་གོ་སྒྲིག་འོག་དྲ་ཐོག་གསར་འགོད་ལྷན་ཚོགས་ཞིག་གི་སྐབས། གསར་འགོད་པ་ཚོས་པེ་ཅིང་གི་དགུན་དུས་ཀྱི་ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་(Yang Shu)་ལ། ད་རེས་རྩེད་འགྲན་སྐབས་རྩེད་འགྲན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་གནད་དོན་གླེང་སློང་ཆོག་མིན་དང་། དེ་ལྟར་གླེང་སློང་དང་ངོ་རྒོལ་གྱི་གནས་ཚུལ་རིགས་བྱུང་ཚེ་དོ་བདག་རྩེད་འགྲན་པའི་བདེ་འཇགས་ལ་སྲུང་སྐྱོབ་གང་འདྲ་ཡོད་མེད་འདྲི་རྩད་བྱས་སྐབས། (Yang Shu)་ཡིས། ཨོ་ལིམ་པིཀསི་རྩེད་འགྲན་གྱི་རྩ་འཛིན་དང་མཐུན་པའི་བསམ་ཚུལ་རིགས་ལ་སྲུང་སྐྱོབ་བྱ་ངེས་ཡིན། འོན་ཀྱང་ཨོ་ལིམ་པིཀསི་རྩ་འཛིན་དང་འགལ་བའི་སྤྱོད་ཚུལ་དང་བསམ་ཚུལ། ལྷག་པར་དུ་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞི་སོགས་འགལ་བའི་བྱ་སྤྱོད་རིགས་ལ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་ཕོག་རྒྱུ་ཡིན་ལུགས་ཉེན་བརྡ་དང་མཉམ་ད་དུང་ཨོ་ལིམ་པིཀསི་གོ་སྒྲིག་ཚོགས་ཆུང་གི་སྒྲིག་གཞིའི་ནང་དེ་འདྲ་གསལ་ཡོད་པ་ལུང་འདྲེན་བྱས་འདུག
རྒྱལ་སྤྱིའི་ཨོ་ལིམ་པིཀསི་གོ་སྒྲིག་ཚུགས་ཆུང་གི་གཏན་འབེབས་བྱས་པའི་སྒྲིག་གཞི་དེའི་ནང་། གཙོ་བོ་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་དང་འབྲེལ་བའི་སྒྲིག་གཞི་དོན་ཚན་ཁག་ལས། སྨྲ་བརྗོད་ཀྱི་རང་དབང་དང་ངོ་རྒོལ་སྐད་འབོད་ལ་སོགས་པའི་སྐོར་སྒྲིག་གཞི་གསལ་ཁ་བཏོན་མེད་པ་རེད། ལྷག་པར་དུ་དེ་སྔ་ཡིན་ན་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་རྩེད་འགྲན་པ་ཚོའི་སྤྱོད་ཚུལ་དང་འབྲེལ་བའི་གནད་དོན་ཡོངས་རྗོགས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་གོ་སྒྲིག་ཚོགས་ཆུང་གིས་འགན་འཁུར་བ་ལས་རྩེད་འགྲན་འཚོགས་ཡུལ་མགྲོན་བདག་རྒྱལ་ཁབ་དེ་ལ་འགན་དབང་གང་ཡང་མེད་པ་ཡིན་འདུག
ད་རེས་རྒྱ་ནག་གི་ཨོ་ལིམ་པིཀསི་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས་སྐབས། སྨྲ་བརྗོད་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་གླེང་སློང་བྱས་པ་འདི་རེས་གཟའ་མིག་དམར་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། ཨོ་ལིམ་པིཀསི་རྩེད་འགྲན་ནང་མཉམ་ཞུགས་བྱ་མཁན་རྩེད་འགྲན་པ་ཚོར་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་དོན་དུ་རྩེད་འགྲན་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་བསམ་ཚུལ་སྤེལ་རེས་དང་། གླེང་སློང་བྱ་ཕྱོགས་ཐད་ཡིད་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་བའི་གནས་ཚུལ་ལས་འཕྲོས་ཡོད་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།