ཨ་རིའི་དཔལ་འབྱོར་ལྷན་ཚོཌ་ཀྱི་ཚོཌ་གཙོ་རྒྱ་ནག་ཏུ་ཕེབས་སྐོར།
ཨ་རིའི་རྒྱལ་ཡོངས་དཔལ་འབྱོར་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་རྒྱལ་དོན་བདེ་སྲུང་དྲུང་གཞོན་རྣམ་གཉིས་རྒྱ་ནག་ཏུ་ཕྱོགས་བསྐྱོད།
-
2010-09-02 -
-
-
༄༅༎ཨ་རིའི་རྒྱལ་ཡོངས་དཔལ་འབྱོར་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ལེ་རི་ས་མར་སི་དང་ཨ་རིའི་རྒྱལ་དོན་བདེ་སྲུང་དྲུང་གཞོན་ཐོ་མ་སི་ཌོ་ནི་ལོན་རྣམ་གཉིས་ཕྱི་ཟླ་འདིའི་ཚེས་༥ནས་༨བར་ཉིན་གྲངས་བཞིའི་རིང་རྒྱ་ནག་ཏུ་གཞུང་དོན་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པའི་སྐོར་ རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་མ་ཅིའང་ཡུའུ་ཡིས་གསར་འགོད་པ་ཚོར་ངོ་སྤྲོད་བྱས་འདུག་༎
ཡིན་ནའང་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་མས་ད་རེས་ཀྱི་གཟིགས་སྐོར་འདིའི་སྐབས་རྒྱ་ནག་གི་འགོ་འཁྲིད་སུ་ཞིག་ནས་ཨ་རིའི་གཞུང་འབྲེལ་སྐུ་ཚབ་རྣམ་པ་ཚོ་དང་མཇལ་འཕྲད་གནང་མིན་སྐོར་གསལ་འདོན་བྱས་མེད་པ་དང་ ཡང་ཆབས་ཅིག་ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཚོས་གཟིགས་སྐོར་བསྐྱངས་རིང་སྐབས་ཕྱི་ཟླ་འདིའི་ཚེས་༥ནས་༡༠བར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མི་ཁའར་ཊར་མཆོག་ནས་ རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧད་གྲོང་ཁྱེར་ དེ་བཞིན་ཧུ་ནན་ཞིང་ཆེན་བཅས་སུ་འཚམས་གཟིགས་གནང་རྒྱུ་ཡིན་པའི་སྐོར་གསལ་འདོན་བྱས་བཞག
ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཁའར་ཊར་མཆོག་ནས་བདུན་ཕྲག་སྔོན་མ་རྒྱ་ནག་གི་ཁྱིམ་མཚེས་བྱང་ཀོ་རི་ཡའི་ནང་བཙོན་འཇུག་བྱས་པའི་ཨ་རི་བ་དགེ་རྒན་ཞིག་བརྩིས་ལེན་ཆེད་ཕྱོགས་བསྐྱོད་གནང་བ་མ་ཟད་ བྱང་ཀོ་རི་ཡའི་འགོ་འཁྲིད་ཨང་གཉིས་པ་ཀིམ་ཡོང་ནམ་དང་མཇལ་འཕྲད་གནང་ཏེ་ བྱང་ཀོ་རི་ཡ་ཕྱོགས་ནས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་སྐུལ་འདེད་ཞུས་ཡོད་པ་རེད་ རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་མ་ཅིའང་ཡུའུ་ཡིས་སྲིད་འཛིན་ཟུར་པ་ཁའར་ཊར་རྒྱ་ནག་ཏུ་ཕེབས་ཞོར་སྐབས་ཚོགས་འདུ་གཉིས་ཙམ་ནང་ལྷན་ཞུགས་གནང་རྒྱུ་མ་གཏོགས་རྒྱ་ནག་གི་འགོ་འཁྲིད་དང་གཞན་གཞུང་འབྲེལ་མཐོ་རིམ་མི་སྣའི་ལྷན་དང་མཇལ་འཕྲད་གནང་རྩིས་ཡོད་མིན་སྐོར་གནས་ཚུལ་ཁ་གསལ་གང་ཡང་བརྗོད་མིན་འདུག་༎