རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་གསུངས་བྱུང་།

འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་བརྒྱུད་ནང་བསྟན་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་གསལ་སྟོན་གནང་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་(Nury Turkel)་ལགས། Facebook / Nury Turkel

རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་སྤེལ་བ་དང་། ༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོར་འབྲེལ་བ་རྩ་བ་ནས་བྱེད་མི་ཆོག་པའི་བཙན་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་༢༠༢༤ལོའི་ལོ་འགོ་ནས་བཟུང་། རྒྱ་ནག་གཞུང་འབྲེལ་གྱིས་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་མདོ་ལྷོ་ཕྱོགས་ཀྱི་བོད་ཀྱི་དགོན་སྡེ་ཁག་ཅིག་ནང་། དགེ་འདུན་པ་ཚོའི་སློབ་སྦྱོང་ལག་དེབ་ཅེས་པ་ཞིག་འགྲེམས་སྤེལ་བྱས་ཏེ། དགེན་འདུན་པ་ཚོས་ཕྱི་ཕྱོགས་ཀྱི་ཁ་བྲལ་བ་ཚོར་འབྲེལ་བ་རྩ་བ་ནས་བྱེད་མི་ཆོག་པ་དང་། ཏཱ་ལའི་བླ་མ་སྐུ་གཤེགས་ན་ཁྲིམས་མཐུན་མིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་རྩ་བ་ནས་སྤེལ་མི་ཆོག་པ་སོགས། དོན་ཚན་བཅུ་ཅན་གྱི་ཡིག་ཆ་ཞིག་བཙན་ཐབས་ཀྱིས་སློབ་གཉེར་བྱེད་འཇུག་གི་ཡོད་པ། བོད་ནང་གི་འབྲེལ་ཡོད་ཅིག་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་གཉིས་ཀྱིས་གཅིག་མཚུངས་ཨེ་ཤེ་ཡ་རང་དབང་རླུང་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་འབྲེལ་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་(Nury Turkel)་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འདྲི་རྩད་གནང་བར་ཡིག་ཐོག་ལན་འདེབས་གནང་བའི་ནང་། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གཞན་ཁག་ནང་བོད་བརྒྱུད་ནང་བསྟན་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་བཙན་འཕྲོག་བྱས་ཏེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཡང་ངོས་འཛིན་ཞུ་རྒྱུའི་བརྒྱུད་རིམ་ནང་ཐེ་བྱུས་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་པར་ངོ་རྒོལ་སྐྱོན་བརྗོད་དྲག་པོ་གནང་གི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ཐེ་བྱུས་བྱེད་མཁན་དང་། བོད་མིའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་མཁན་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོར་ཨ་མི་རི་ཀའི་ངོས་ནས་དཔལ་འབྱོར་ཉེས་ཆད་སོགས་གཅོད་དགོས་པའི་འབོད་སྐུལ་ཡང་གནང་གི་ཡོད་པ་འཁོད་འདུག
གོང་ཞུས་དགེ་འདུན་པའི་སློབ་སྦྱོང་ལག་དེབ་ཟེར་བའི་ནང་བཀོད་པའི་དོན་ཚན་ཁག་མཁོ་སྤྲོད་གནང་བའི་ནང་། དོན་ཚན་བཅུ་ཡོད་པ་ལས་དང་པོ་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་བ་ཏིལ་འབྲུ་ཙམ་ཡང་ཡོད་མི་ཆོག་པ། གཉིས་པ། ཆོས་ལུགས་ལ་ཁ་གཡར་ནས་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་བྱ་བ་གཏན་ནས་ལས་མི་ཆོག་པ། གསུམ་པ། ཕྱི་ཕྱོགས་ཁ་བྲལ་ཕྱོགས་ཁག་དང་མཉམ་འབྲེལ་གྱི་བྱ་བ་གཏན་ནས་ལས་མི་ཆོག་པ། བཞི་པ། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་འདྲ་པར་ས་གནས་གང་སར་གཏན་ནས་བཤམས་མི་ཆོག་པ། ལྔ་པ། ཏཱ་ལའི་སྐུ་གཤེགས་ན་ཁྲིམས་མཐུན་མིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་རྩ་ནས་སྤེལ་མི་ཆོག དྲུག་པ། ཏཱ་ལའི་ཡང་སྤྲུལ་ངོས་འཛིན་བྱེད་པར་ཁ་གཡར་ནས་གསེར་བུམ་བཀྲུགས་པའི་ལམ་ལུགས་ལ་གནོད་པ་བྱེད་མི་ཆོག་པ། བདུན་པ། ཁྲིམས་མཐུན་མིན་པའི་རྩ་འཛུགས་གང་ཡིན་རུང་དགོན་པའི་ནང་དུ་ཞུགས་མི་ཆོག་པ། བརྒྱད་པ། སློབ་གསོའི་གནས་གང་ཡིན་ཡང་ཁ་བྲལ་རིང་ལུགས་ཀྱི་བསམ་བློའི་ནང་དོན་གཏན་ནས་ཡོད་མི་ཆོག་པ། དགུ་པ། དྲ་རྒྱ་དང་བརྙན་གཟུགས་བརྒྱུད་ནས་ཁ་བྲལ་གྱི་བསམ་བློ་བརྒྱུད་སྒྲོག་གཏན་ནས་མི་ཆོག་པ། བཅུ་པ། མངོན་ལྐོག་དང་ངོ་གཉིས་ཀྱི་མི་གཏན་ནས་བྱེད་མི་ཆོག་པ་བཅས་བཀོད་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས། རྒྱ་ནག་གཞུང་གིས་ཀན་སུའི་ཞིང་ཆེན་ཁུལ་གྱི་བོད་ཀྱི་དགོན་སྡེ་ཁག་ཏུ་སློབ་གསོ་འདྲ་མིན་སྤེལ་བཞིན་པ་མ་ཟད། ཕྱི་ཟླ་༤ ཚེས་འགོར་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཧེའུ་མཱོ་པའོ་(何谋保)ཟེར་བས། བོད་ནང་གི་མདོ་ལྷོ་ས་ཁུལ་གྱི་དགོན་སྡེ་ཁག་ཏུ་ལྟ་སྐོར་དང་འབྲེལ། ཡུལ་ཤོག་དེའི་དགོན་སྡེ་ཁག་ཏུ་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞི་མགྱོགས་མྱུར་ལག་བསྟར་དང་། ཏཱ་ལའི་ཁ་བྲལ་དང་འཐབ་རྩོད་དགོས་པ་དང་། རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་དགོན་པ་ཁག་ཏུ་ལོ་ཆུང་གྲྭ་རྒྱུན་གསར་ཞུགས་མི་ཆོག་པ་དང་། དགོན་པ་ཁག་གིས་ཆོས་ལུགས་ཀྱི་བྱེད་སྒོ་གཉེར་རྒྱུར་ཚོད་འཛིན་དགོས་པ་དང་། དེ་དག་ལག་བསྟར་མ་བྱས་ན་དགོན་པ་སྒོ་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་རིགས་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org