མའོ་ཚོགས་པས་དེ་སྔ་བཞག་པའི་གྲོས་མཐུན་ལ་འགལ་འཛོལ།
མའོ་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏང་ན་མོས་མཐུན་ཞུ་ཐབས་མེད་ལུགས་བལ་ཡུལ་གྱི་སྲིད་བློན་ཟུར་པས་གསུངས་འདུག
-
2008-10-25 -
-
-
༄༅༎བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པས་བརྟན་ལྷིང་དང་ཆིག་བསྒྲིལ།འབྲེལ་མཐུད་བཅས་རྩ་དོན་དུ་བཟུང་ནས་སྲིད་དོན་ཚོགས་པ་ཆེ་ཁག་མཉམ་དུ་བཞག་པའི་གྲོས་མཐུན་ལ་འགལ་འཛོལ་གྱིས་མའོའི་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏང་ན་མོས་མཐུན་ཞུ་ཐབས་མེད་ལུགས་བལ་ཡུལ་གྱི་སྲིད་བློན་ཟུར་པ་གིར་ཇ་པར་སའརྡེ་ཀོའེ་རེ་ལ་ཡིས་གསུངས་གནང་འདུག
མང་གཙོའི་ལམ་སྲོལ་སྲུང་སྐྱོབ་ཆེད་ཚོགས་པ་དང་སྒེར་གྱི་སྟོབས་ཤུགས་གང་ལ་ཡང་མགོ་སྒུར་ཐབས་མེད་ཅེས་སྲིད་བློན་ཟུར་པ་ཀོའེ་རེ་ལ་ཡིས་མུ་མཐུད་གསུངས་གནང་འདུག བལ་ཡུལ་གྱི་ཀོང་རེསི་སྲིད་དོན་ཚོགས་པའི་གནས་བབ་བཟང་དུ་གཏང་ཐབས་སུ་ཚོགས་པའི་ཚོགས་མི་ཡོངས་ཀྱི་བློ་སྤོབས་གོང་མཐོར་གཏང་རྒྱུ་དང་རྨང་གཞི་སྔར་ལྷག་བསྲ་བརྟན་བཟོ་རྒྱུ་ཡིན་ཞིང་དེ་གཉིས་འགྲུབ་ཐབས་སུ་ཀོང་རེསི་སྲིད་དོན་ཚོགས་པས་བལ་ཡུལ་གྱི་འཐུས་མིའི་འོས་བསྡུའི་ས་ཁོངས་ཉིས་བརྒྱ་བཞི་བཅུའི་ནང་རིམ་བཞིན་དྲིལ་བསྒྲགས་ལས་དོན་རྒྱ་ཆེ་སྤེལ་འཆར་ཡོད་པ་རེད། ཡང་བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པས་གྲོང་གསེབ་ཁག་ནང་འཕྲོག་བཅོམ་ད་དུང་བྱེད་བཞིན་པ་དང་དེ་སྔ་འཕྲོག་བཅོམ་བྱས་པའི་རྒྱུ་དངོས་ཕྱིར་སློག་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ད་བར་བྱས་མེད་པ་མ་ཟད་མའོའི་དམར་ཤོག་གཞོན་ནུ་ཚོགས་པའི་སྒྲིག་འཛུགས་རྩ་མེད་བཟོ་རྒྱུའི་ཁས་ལེན་བྱས་པ་ལྟར་ད་བར་ལག་བསྟར་བྱུང་མེད་ལུགས་སྲིད་བློན་ཟུར་པ་ཤེར་སྦ་ཧ་རྡུར་རྡེའུ་སྦ་ཡིས་སྐྱོན་བརྗོད་གནང་འདུག མའོའི་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་བྱ་རྒྱུའི་ལས་དོན་ཆེད་སྲིད་དོན་ཚོགས་པ་ཆེ་ཁག་གི་འཐུས་མི་ཡོད་པའི་དམིགས་བསལ་ཚོགས་ཆུང་ཟུར་འཛུགས་གནང་རྒྱུར་མི་འགྲོ་དང་ཚོགས་ཆུང་གི་འགན་ཁུར་བྱེད་པོ་ཚོགས་གཙོ་བསྐོ་བཞག་བྱ་ཕྱོགས་ཀྱི་གནད་དོན་དུ་མར་གྲོས་མཐུན་མེད་པར་འདི་མུར་ནར་ལུས་སུ་འགྱུར་བཞིན་པ་རེད༎