དངོས་ཡོད་གནས་ཚུལ་རྣམས་གསལ་བཤད་ཞུ་ཆེད་ཡོང་བ་ཡིན།

སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རྒྱལ་ཚོགས་ཀྱི་གཞུང་ཚབ་པ་སོཊ་དང་མཇལ་ནས་བོད་དོན་ཞུ་གཏུག་གནང་འདུག

ཉི་མ་ལྷ་མོ་ལགས་ཇེ་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐེངས་༩་པའི་ཐོག ༢༠༡༧།༢།༢༡ རབ་སྒང་ཚེ་ཕུན། /RFA

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས། ཁོང་རང་ཉིད་ཀྱི་ཞང་པོ་རིན་པོ་ཆེ་དམ་པ་དེའི་གནས་ལུགས་ཤེས་རྟོགས་ཀྱི་ཐོག་ནས་བཙོན་ཁང་ནང་བཙོན་དུ་མནར་བཞིན་པའི་བོད་མི་རྣམས་ལ་དྲང་བདེན་གྱི་རྒྱབ་སྐྱོར་ཐོབ་ཆེད་ངས་རང་གི་ཕྲུ་གུ་དང་མ་རྒན་བློས་གཏོང་བྱས་ནས་བཙན་བྱོལ་དུ་ཡོང་བ་ཡིན་ཞེས་རྒྱལ་ཚོགས་ཀྱི་གཞུང་ཚབ་པ་སོགས་ཀྱིས་གཙོས་གནད་ཡོད་མི་སྣར་ངོ་སྤྲོད་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ པ་དེ་བསྐོང་ཚོགས་གནང་རྒྱུར་གཟའ་འཁོར་གཅིག་ཙམ་ལས་མེད་པ་སྔོན་དུ། སུད་སིའི་གྲོང་ཁྱེར་ཇེ་ནི་ཝའི་ནང་ཕྱི་ལོ་༢༠༡༧་ཟླ་༢་ཚེས་༢༡་ཉིན་རྒྱལ་ཚོགས་ཀྱི་ཁེ་ན་ཊའི་གཏན་འཇགས་ལས་ཁུངས་ཀྱི་ཚོགས་ཁང་ནང་། ཇེ་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐེངས་༩་པའི་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས། རྒྱལ་ཚོགས་ཀྱི་གཞུང་ཚབ་པ་སོགས་ཀྱིས་གཙོས་ཁྱོན་གནད་ཡོད་མི་སྣ་༣༠༠ བརྒལ་བའི་མདུན། རིན་པོ་ཆེའི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། ཐེངས་འདིར་ཁོ་མོས་རང་ཉིད་ཕྲུ་གུ་ལོ་ན་༦་ལ་སོན་པ་ཞིག་དང་། མ་རྒན་བཅས་བློས་གཏོང་གནང་ནས་བཙན་བྱོལ་ནང་བྲོས་བྱོལ་དུ་ཡོང་དགོས་དོན་གཙོ་བོ་ནི། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་གནད་དོན་ཐད་རྒྱལ་སྤྱིའི་དྲང་བདེན་གྱི་རྒྱབ་སྐྱོར་ཐོབ་ཐབས་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དང་། དངོས་ཡོད་གནས་ཚུལ་རྣམས་དྲང་བདེན་གྱི་ལམ་ནས་གསལ་བཤད་ཞུ་ཆེད་ལྷན་ཚོགས་སུ་བཅར་ཡོད་སྐོར་བརྗོད་འདུག
ཡང་ཁོང་མོས་མུ་མཐུད་དུ། རྒྱལ་སྤྱིའི་དོ་སྣང་དང་གནོན་ཤུགས་ཁོ་ནས་རྒྱ་ནག་གིས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པ་དེ་དག་ལ་འགན་ལེན་མ་བྱེད་ཐབས་མེད་བཟོ་ཐུབ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོག་ཡོང་བ་ཞིག་བཟོ་ཐུབ་རྒྱུ་ཡིན་སྐོར་སོགས་གསལ་བཤད་ཞུས་འདུག
ཇེ་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཞེས་པ་དེ་འཛམ་གླིང་ཁྱོན་དུ་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་༢༥་མཉམ་རུབ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཐེངས་འདིར་ལྷན་ཚོགས་སྐབས་ཁུ་བྷ་Cuba་དང་། བྱང་ཀོ་རི་ཡ། North Korea ཨི་རན། Iran ཨུ་རུ་སུ། Russia ཝེ་ཏི་ནམ་  Vietnam་བཅས་ནས་ཞུ་གཏུག་གི་སྐུ་ཚབ་ཚོགས་ཆུང་ཆེད་བཅར་ཡོད་འདུག
ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཡོ་རོབ་རྒྱལ་ཁབ་ཇར་མན་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། སུ་ཝི་ཌེན། ཌེན་མག སི་པེན་བཅས་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། གྲོས་ཚོགས་འཐུས་མི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། གསར་འགོད་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་དང་ཐུག་འཕྲད་གནང་ནས། རིན་པོ་ཆེ་མཆོག་དོགས་གཞི་ཧ་ཅང་ཆེ་བའི་གནས་སྟངས་འོག་རྒྱའི་བཙོན་ཁང་དུ་གློ་བུར་དུ་སྐུ་གྲོངས་པ་དེར་ངེས་པར་དུ་དྲང་བདེན་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཞུ་གཏུག་གནང་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org