བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གཞུང་དང་སྒྱུ་རྩལ་སོགས་མི་ཉམས་གོང་འཕེལ་ཆེད་སྡེ་ཚན་ཞིག་དབུ་འབྱེད་གནང་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གཞུང་དང། སྒྱུ་རྩལ་སོགས་མི་ཉམས་གོང་འཕེལ་ཆེད་རིག་གཞུང་སྡེ་ཚན་ཞིག་གསར་འཛུགས་ཀྱིས་དབུ་འབྱེད་གནང་འདུག
- 2021-07-24
-
-
-
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྤེལ་གནང་བའི་གནས་ཚུལ་ནང། ལས་ཁུངས་གསར་པ་དེའི་དམིགས་ཡུལ་གཙོ་བོ་ནི། མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རྩ་ཆེའི་རིག་གཞུང་གཙོ་བོར་གྱུར་པའི་གནའ་དེང་གི་སྒྱུ་རྩལ་རྣམས་བཙན་བྱོལ་དུ་དར་ཁྱབ་སྔར་ལྷག་ཡོང་ཆེད་བོད་རིཌ་གཞོན་སྐྱེས་རྣམས་ལ་རིག་གཞུང་གོ་རྟོགས་དང་། ཟབ་སྦྱོང་། ཁྱབ་ཁོངས་རིག་གཞུང་བསྟི་གནས་ཁག་དང་འབྲེལ་ལམ་དམ་ཟབ། རིས་མེད་ཆོས་སྡེ་ཁག་དང་རིག་གཞུང་དང་འབྲེལ་བའི་ཚོགས་སྡེ་ཁག་ལ་རམ་འདེགས། གཞན་ཡང་བོད་ཀྱི་རིག་གཞུང་གི་གོ་རྟོགས་དང་། ཉམས་ཞིབ་ཀྱི་ལས་འཆར་སོགས་སྤེལ་གནང་འཆར་ཡོད་པ་རེད་འདུག
སྤྱིར་བཏང་ཕྱི་ལོ་༡༩༥༩ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་མ་སུ་རིར་ལྷན་ཁང་དེ་བཞིན་ཆོས་དོན་ལྷན་ཚོགས་ཀྱི་མཚན་ཐོག་གསར་འཛུགས་གནང་བ་དང་། དེ་ནས་རིམ་བཞིན་ཡུལ་ཁྲིམས་དང་མཐུན་པའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཆོས་དོན་ལྷན་ཚོགས་ཞེས་དེབ་སྐྱེལ་གནང་བ་ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གཙོ་བོར་གྱུར་པའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་ཆེད་ལས་འཆར་རབ་དང་རིམ་པས་སྤེལ་གནང་ཡོད་ན་ཡང་།བོད་ནང་རྒྱ་ནག་གི་སྲིད་བྱུས་འོག་བོད་ཀྱི་རིག་གཞུང་དང་གོམས་གཤིས་བཟང་པོ་སོགས་ཉིན་རེ་བཞིན་ཉམས་ཆག་འགྲོ་བཞིན་ཡོད་པ་དང་བཙན་བྱོལ་དུ་ཡང་དེང་དུས་ཕྱིའི་ཡར་རྒྱས་ལ་བརྟེན་ནས་བོད་ཀྱི་རིག་གཞུང་ལ་དོ་དབྱིངས་གནང་མཁན་ཇི་ཉུང་དུ་འགྲོ་བའི་ཉེན་ཚབ་ལ་བརྟེན་ཆོས་ཕྱོགས་སྡེ་ཚན་ཟུར་དུ་ཡོད་པའི་ཐོག་རིག་གཞུང་སྡེ་ཚན་ཞིག་ཀྱང་ཟུར་དུ་བཙུགས་གནང་སྟེ་རིག་གཞུང་ཐོག་ལས་འཆར་སྔར་ལྷག་སྤེལ་ཆེད་གསར་འཛུགས་གནང་བ་ཞིག་ཡིན་པ་དང།ད་ལྟའི་སྐབས་སུ་ཚན་པ་དེའི་ནང་རིག་གཞུང་འགན་འཛིན་གཅིག་དང་ཕྱག་རོགས་ལས་བྱེད་གཅིག་བཅས་ཡོད་པ་རེད།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།