བལ་ཡུལ་ནང་དེ་རིང་བོད་མིའི་ངོ་རྒོལ་ལས་འགུལ་བཀག་འགོག་བྱས་པ།
དེ་རིང་བལ་ཡུལ་རྒྱལ་སའི་ནང་བོད་མི་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་སྐད་འབོད་བྱེད་པའི་སྐབས་བལ་པོའི་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་རེད།
-
2008-05-16 -
-
-
༄༅༎བལ་ཡུལ་ནང་གི་བོད་མི་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་ལྟར་དེ་རིང་བལ་ཡུལ་རྒྱལ་སའི་ནང་བོད་མི་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་སྐད་འབོད་བྱེད་པའི་སྐབས་བལ་པོའི་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་རེད།
དེ་ཡང་བོད་མི་ལྔ་བརྒྱ་ཙམ་ཞིག་གིས་ལག་ཏུ་བོད་རང་དབང་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་པའི་བརྗོད་ཚིག་བྲིས་པའི་རས་དར་འཁྱེར་ཏེ་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཀི་ལོ་མི་ཊར་གསུམ་ཙམ་གོམ་བགྲོས་བྱས་ཡོད་ཅིང། ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་ནང་མང་ཆེ་བ་བུད་མེད་ཡིན་པ་རེད། བལ་པོའི་ཉེན་རྟོག་པས་ཐོག་མར་ངོ་རྒོལ་གོམ་བགྲོས་བྱེད་མཁན་ཁག་ཅིག་བཀག་ཐབས་འབད་བརྩོན་བྱས་ཀྱང་སྐར་མ་འགའ་ཤས་རྗེས་ངོ་རྒོལ་བྱེད་མཁན་རྣམས་རང་གནས་སུ་ཕྱིར་ལོག་བྱས་པར་བརྟེན་དེ་རིང་བོད་མི་ངོ་རྒོལ་བྱེད་མཁན་གཅིག་ཀྱང་འཛིན་བཟུང་བྱས་པའི་གནས་ཚུལ་མེད་པ་རེད། རྒྱ་ནག་གཞུང་གིས་ཁ་སྔོན་ཕྱི་ཟླ་༣ པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ནས་བཟུང་བོད་ནང་གི་བོད་མིའི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་པར་དེར་ངོ་རྒོལ་གྱི་ཆེད་དུ་བལ་ཡུལ་ནང་གི་བོད་མི་ཚོས་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཁག་གི་མདུན་དུ་ཉིན་ལྟར་བཞིིན་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་ཡིན་ནའང་བལ་པོའི་ཉེན་རྟོག་པས་ལས་འགུལ་རིམ་པ་བཀག་འགོག་བྱས་པ་མ་ཟད་བོད་མི་ཉིན་ལྟར་འཛིན་བཟུང་བྱས་ཏེ་ རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་བལ་པོའི་གཞུང་ནས་འགོག་ཐབས་མ་བྱས་ཚེ་བལ་པོ་དང་རྒྱ་ནག་གི་མཛའ་གྲོགས་འབྲེལ་ལམ་ལ་གནོད་འཚེ་བཟོ་གི་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་བལ་པོའི་གཞུང་གིས་བོད་མི་ངོ་རྒོལ་བྱེད་མཁན་ཐོག་འཛིན་པའི་རྩུབ་སྤྱོད་ཆེ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།