བལ་ཡུལ་ཉེན་རྟོག་པས་བོད་མིའི་ཟས་བཅད་ངོ་རྒོལ་བཀག་འགོག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བལ་པོའི་ཉེན་རྟོག་པས་ཟས་བཅད་ངོ་རྒོལ་གནང་མཁན་བོད་མིའི་ཐོག་བཀག་འགོག་བྱས་པར་སྐྱོན་བརྗོད།
-
2011-04-20 -
-
-
༄༅༎རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྕམ་མེ་རི་སྦེཐ་མའར་ཀི་ཡིས་ བལ་པོའི་ཉེན་རྟོག་པས་བལ་ཡུལ་ནང་བཟས་བཅད་ངོ་རྒོལ་གནང་མཁན་བོད་མིའི་ཐོག་བཀག་འགོག་བྱས་པ་དེར་སྐྱོན་བརྗོད་གནང་བ་དང༌འབྲེལ་། བལ་ཡུལ་ནང་གི་བོད་མི་ཚོའི་ཐོག་བལ་པོའི་བྱེད་སྟངས་ཐད་རྒྱ་ནག་གིས་ཐེ་བྱུས་ལ་བལ་ཡུལ་གཞུང་གིས་གདོང་ལེན་གནང་དགོས་པའི་སྐོར་གསུང་བཞག།
རྒྱ་གཞུང་གིས་དྲག་གནོན་མུ་མཐུད་བྱ་ཡུལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དང་ཁུལ་དེའི་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་བྱ་ཕྱིར་བལ་ཡུལ་ནང་ཆུ་ཚོད་༢༤རིང་བཟས་བཅད་ངོ་རྒོལ་གནང་མཁན་བོད་མིའི་ཐོག་བལ་ཡུལ་ཉེན་རྟོག་པས་དམ་བསྒྲགས་བྱས་འདུག།
ཁ་ས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མི་མང་སྤྱི་ཁང་ནང་བོད་མི་༣༠ཙམ་གྱིས་བོད་ཀྱི་རྒྱལ་དར་དང་བོད་དོན་དང་འབྲེལ་བའི་སྦྱར་ཡིག་སྣ་ཚོགས་ཞིག་བསྣམས་ནས་ཆུ་ཚོད་༢༤རིང་བཟས་བཅད་ངོ་རྒོལ་གནང་བཞིན་པའི་སྐབས་ གློ་བུར་དུ་བལ་པོའི་ཉེན་རྟོག་པ་སླེབས་ནས་བོད་མིའི་བཟས་བཅད་ངོ་རྒོལ་མཚམས་འཇོག་བྱེད་དུ་བཅུག་ཡོད་པ་མ་ཟད། ངོ་རྒོལ་གནང་མཁན་བོད་པའི་བུད་མེད་ཅིག་གིས་ བོད་སྐྱོབས་རོགས་ཞེས་བརྗོད་ཚིག་འཁོད་པའི་སྟོད་ཐུང་ཞིག་གྱོན་ཡོད་པ་དེའང་མི་ཚང་མའི་མདུན་ཕུད་བཅུག་པའི་གནས་ཚུལ་བྱུང་འདུག།
གོང་ཞུས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤེལ་བའི་གནས་ཚུལ་དེའི་ནང༌། དམག་ཆས་གྱོན་པ་དང་མ་གྱོན་པའི་བལ་པོའི་ཉེན་རྟོག་པས་ཁ་ས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་བོད་པའི་སྤྱི་ཁང་ནང་འཛུལ་ནས་བཟས་བཅད་ངོ་རྒོལ་མཚམས་འཇོག་བྱེད་དུ་བཅུག་པའི་སྐབས་སུ་ བཟས་བཅད་ངོ་རྒོལ་གནང་མཁན་བུད་མེད་བསོད་ནམ་ཆོས་སྒྲོན་ལགས་སུ་སྟོད་ཐུང་ཕུད་བཅུག་ཡོད་པར་ཁོང་གིས་སྐྱོན་བརྗོད་དང་འབྲེལ། ཀིརྟི་དགོན་པའི་ནང་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཆེད་ཞི་བའི་ལམ་ནས་གསོལ་འདེབས་ཀྱི་འདུ་འཛོམས་བྱས་པའི་ཐོག་བལ་པོའི་ཉེན་རྟོག་པས་བཀག་འགོག་བྱས་པ་དེ་ནི་བལ་པོའི་ཁྲིམས་དང་འགལ་ཡོད་སྐོར་འགྲེལ་བརྗོད་གནང་བཞག།