བལ་ཡུལ་གྱི་བོད་མིའི་བདེ་སྡུག་སྐོར་གྱི་དཔེ་དེབ་སྡུག་བསྔལ་ཞེས་བར་དོ་སྣང་དང་ཉོ་མཁན་མང་པོ་ཡོད་འདུག
བལ་ཡུལ་གྱི་རྩོམ་པ་པོ་ཞིག་གིས་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་ཡོད་པའི་གནས་སྟངས་སྐོར་ལ་སྡུག་བསྔལ་ཞེས་པའི་དཔེ་དེབ་ཅིག་གསར་རྩོམ་འགྲེམས་སྤེལ་གནང་འདུག
- 2021-09-24
-
-
-
བཙན་བྱོལ་བོད་མི་མང་པོའི་ཁྱིམ་གཞིས་གཉིས་པ་ལྟ་བུར་གྱུར་བའི་བལ་ཡུལ་རྒྱལ་ཁབ་ནང་གི་བོད་མི་མང་པོ་ཞིག་ལ། རང་ཉིད་ཀྱི་མདུན་ལམ་དང་ཉིན་རེའི་འཚོ་བ་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་སྟངས་སྐོར་བལ་ཡུལ་གྱི་རྩོམ་པ་པོ་ཞིག་གིས་སྡུག་བསྔལ་ཞེས་པའི་དཔེ་དེབ་ཅིག་ཉེ་ལམ་གསར་རྩོམ་འགྲེམས་སྤེལ་གནང་འདུག་ལ། དཔེ་དེབ་རྩོམ་པ་པོ་སྐུ་ཞབས་(Malika Keshari)་ལགས་ཀྱིས་དེའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁོང་ལོ་མང་རིང་བལ་ཡུལ་ནང་གནས་སྡོད་བོད་མི་བཙན་བྱོལ་བ་དང་ལྷན་དུ་མཉམ་གཤིབ་བྱས་པའི་མྱོང་ཚོར་གཞི་ལ་བཞག་ནས་དཔེ་དེབ་དེ་བརྩམས་པ་དང་། བལ་ཡུལ་ནང་གི་བོད་མི་ཁག་ཅིག་གིས་ཚོང་ལས་གཉེར་ཏེ་ལམ་ལྷོང་བྱུང་ཡོད་པ་མཐོང་རྒྱུ་ཡོད། དེ་མིན་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་གྱི་ལག་དེབ་མེད་པའི་ཁར། ཕྱིའི་མཐུན་རྐྱེན་ཞན་པའི་དབང་གིས་རང་ཉིད་ཀྱི་ངོ་བོ་དང་རིག་གཞུང་སོགས་སྲུང་སྐྱོབ་བྱེད་རྒྱུའི་ཐད་དཀའ་ངལ་འཕྲད་བཞིན་འདུག་ལ། ཐ་ན་མོ་ཊ་གཏོང་ཆོག་པའི་ལག་འཁྱེར་ཙམ་ལེན་རྒྱུར་ཡང་དཀའ་ངལ་འཕྲད་བཞིན་འདུག་པ་མ་ཟད། ཉིན་རེའི་འཚོ་བའི་ནང་གཞི་རྩའི་དགོས་མཁོ་ཅན་མང་པོ་ཞིག་གི་ཐོག་དཀའ་ངལ་འཕྲད་བཞིན་འདུག་པས། གཙོ་བོ་དངོས་ཡོད་གནས་ཚུལ་དེ་དག་རྒྱལ་སྤྱིའི་མང་ཚོགས་ལ་གསལ་སྟོན་བྱེད་རྒྱུ་དེ་ཡིན། ལྷག་པར་བལ་པོ་མང་པོ་ཞིག་གིས་བལ་ཡུལ་གནས་ཞུགས་བོད་མི་སྐྱབས་བཅོལ་བའི་དངོས་ཡོད་གནས་སྟངས་སྐོར་མཁྱེན་རྟོགས་མེད་ཅེས་འགྲེལ་བརྗོད་གནང་སོང་།
རྩོམ་པ་པོ་(Malika Keshari)་ལགས་ནི། ཆུང་དུས་ནས་བལ་ཡུལ་སྤོག་རྭར་ཆགས་པའི་བོད་མིའི་གཞིས་སྒར་ཉེ་འཁྲིས་སུ་འཚར་ལོངས་བྱུང་སྟེ་རིམ་པས་བོད་མི་དང་ལྷན་དུ་འབྲེལ་བ་ཟབ་མོ་བྱུང་བའི་བལ་པོའི་གསར་འགོད་པ་དང་རྩོམ་པ་པོ་ཞིག་ཡིན་འདུག་པ་དང་། ཁོང་གིས་སྡུག་བསྔལ་ཞེས་པའི་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་གྱི་དཔེ་དེབ་དེ་ཚུད་པའི་ད་བར་དཔེ་དེབ་བཞི་བརྩམས་གནང་འདུག ད་རེས་དཔེ་དེབ་དེ་ཆ་ཚང་འགྲུབ་པར་དུས་ཡུན་ལོ་བཞི་ལྷག་འགོར་འདུག ཁོང་གིས་དཔེ་དེབ་དེར་བལ་ཡུལ་མང་ཚོགས་ནས་དགའ་མོས་ཆེན་པོ་གནང་གི་ཡོད་པ་ཁོང་གིས་འགྲེལ་བརྗོད་གནང་སོང་ལ། ད་ལྟའི་ཆར་བལ་ཡུལ་ནང་དཔེ་དེབ་དེ་ཚོང་བྲིན་ཆེ་ཤོས་(Best Seller)་ཀྱི་གྲས་ཤིག་ཡིན་འདུག་པར། རྒྱལ་ཁབ་འདྲ་མིན་ནས་བོད་མི་མང་པོ་ཞིག་གིས་ཁོང་ལ་དཔེ་དེབ་དེ་བརྩམས་པར་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཀྱང་ཞུས་པས་ཧ་ཅང་དགའ་པོ་བྱུང་ཞེས་དང་། རིང་མིན་དཔེ་དེབ་དེ་བཞིན་དབྱིན་ཡིག་ནང་ཕབ་བསྒྱུར་གནང་འཆར་འདུག་པ་མ་ཟད། འབྱུང་འགྱུར་རྒྱལ་སྤྱིའི་ཐོག་ལ་གང་མང་འགྲེམ་སྤེལ་གནང་ཐུབ་པར་ཁོང་གིས་རེ་བ་གནང་གི་འདུག
ཡང་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་(Malika Keshari)་ལགས་ཀྱིས། བལ་ཡུལ་དུ་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ནི། བལ་ཡུལ་ནང་བྲོས་བྱོལ་དུ་ཡོང་ནས་མི་ལོ་༦༠་ལྷག་ཙམ་ཕྱིན་ཡོད། ཆོས་དང་རིག་གཞུང་གི་ཆ་ནས་བལ་པོ་དང་བོད་པ་གཉིས་འབྲེལ་བ་དམ་ཟབ་ཡོད། བལ་ཡུལ་ནི་ད་ཆ་བོད་མི་དེ་དག་གི་ཁྱིམ་གཞིས་གཉིས་པ་ལྟ་བུ་ཆགས་ཡོད་པས། བལ་པོ་ཚོ་ནང་བཞིན་བོད་མི་ཚོར་ཡང་ཕྱི་ཕྱོགས་སུ་འགྲོ་བསྐྱོད་ཆོག་པའི་ཐོབ་ཐང་དང་། རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུའི་རང་དབང་། དེ་བཞིན་སྨྲ་བརྗོད་དང་སྤྱི་དམངས་ཀྱི་ཐོབ་ཐང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་དགོས་གལ་ཆེ་བས། བལ་ཡུལ་ངོས་ནས་ངེས་པར་དུ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་བསམ་ཤེས་ཀྱིས་གཞི་རྩའི་ཐོབ་ཐང་དེ་དག་བསྐྲུན་དགོས་གལ་ཆེ། འགྲོ་བ་མི་ཚང་མར་གཅིག་མཚུངས་ཀྱི་རང་དབང་དགོས་གལ་ཆེ་བ་མཐོང་གི་འདུག ད་རེས་ངོས་ཀྱི་དཔེ་དེབ་དེ་རྒྱ་ནག་ལ་ངོ་རྒོལ་བྱས་པའི་རྣམ་པ་དེ་འདྲ་གང་ཡང་མིན་ལ། བོད་མི་དེ་ཚོས་རྒྱ་ནག་ལ་དྲག་རྒོལ་རིགས་བྱེད་མི་སྲིད། གཙོ་བོ་དེ་ཞི་བདེ་རང་བཞིན་གྱི་བོད་མི་ཚོར་གཞན་ལྟར་གཅིག་མཚུངས་ཀྱི་འཚོ་བ་སྐྱེལ་པའི་ཐོབ་ཐང་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་སོང་།
གཞི་རྩའི་ཆ་ནས་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མི་ཚོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་ལྟར་བརྩི་སྲུང་དང་སྲུང་སྐྱོབ་བྱེད་ཀྱི་མེད་པའི་སྐོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མནའ་མཐུན་མཉམ་འབྲེལ་ཚོགས་པ་(International Federation for Human Rights)་ཡིས་འདི་ལོའི་སྤྱི་ཟླ་༦་པའི་ནང་ཡོངས་གྲགས་ཀྱི་བལ་ཡུལ་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།