བལ་ཡུལ་གྱི་སྲིད་བློན་དགོངས་ཞུ་བྱ་ཐལ་མི་ཡོང་བའི་འབོད་སྐུལ།

བལ་ཡུལ་གྱི་ད་ཡོད་སྲིད་བློན་གྱི་ཚབ་གསར་ངེས་གཏན་མ་བྱུང་བར་སྲིད་བློན་ལས་གནས་ནས་དགོངས་ཞུ་བྱ་ཐལ་མི་ཡོང་བའི་འབོད་སྐུལ་ཞུས་འདུག

༄༅༎བལ་ཡུལ་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་གནང་མཁན་སྲིད་དོན་ཚོགས་པ་ཁག་གིས་ད་ཡོད་སྲིད་བློན་ཇ་ལ་ནའཐ་ཁ་ནལ་གྱི་ཚབ་གསར་ངེས་གཏན་མ་བྱུང་བར་སྲིད་བློན་ལས་གནས་ནས་དགོངས་ཞུ་བྱ་ཐལ་མི་ཡོང་བའི་འབོད་སྐུལ་ཞུས་འདུག   

བལ་ཡུལ་སྲིད་དོན་ཚོགས་པ་ཆེ་ཁག་གིས་སྲིད་བློན་གསར་པའི་མི་འགྲོ་གཏན་འཁེལ་མ་བྱུང་བར་ད་ཡོད་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་ན་བལ་ཡུལ་ནང་ངེས་གཏན་མེད་པའི་ཛ་དྲག་དཀའ་ངལ་འབྱུང་སྲིད་པའི་རྒྱུ་མཚན་དྲངས་ཏེ་བལ་ཡུལ་སྲིད་དོན་ཚོགས་པ་ཆུང་ཁག་བཅུའི་འགོ་ཁྲིད་ཚོས་ད་ཡོད་སྲིད་བློན་ལ་འབོད་སྐུལ་གནང་ཡོད་ལུགས་སྲིད་བློན་གྱི་གསར་འགོད་འགན་འཛིན་སུར་ཡ་ཐའ་པ་ཡིས་གསུངས་གནང་འདུག ཞི་འགྲིག་ལས་དོན་འགྲུབ་ཐུབ་ཀྱི་མེད་ན་ད་དུང་སྲིད་བློན་ལས་གནས་བཟུང་ན་དགེ་མཚན་མེད་ལུགས་ད་ཡོད་སྲིད་བློན་ཇ་ལ་ནའཐ་ཁ་ནལ་གྱིས་གསུངས་གནང་འདུག འོན་ཀྱང་དམར་ཤོག་མའོ་ཚོགས་པའི་ཚོགས་གཞོན་སྦ་སྦུ་རམ་བ་ཏ་རའེ་ཡིས་ད་ཡོད་སྲིད་བློན་གྱིས་མོས་མཐུན་ཁས་ལེན་གནང་བ་ལྟར་དགོངས་ཞུ་གནང་བའི་ཡིད་ཆེས་ཡོད་ལུགས་གསུངས་གནང་འདུག

བལ་ཡུལ་གྱི་སྲིད་དོན་ཚོགས་པ་དམར་ཤོག་མའོ་ཚོགས་པ་དང་། ཀོང་རེ་སི་ཚོགས་པ།    སི་པི་ཨེན་ཡུ་ཨེམ་ཨེལ་ཞེས་དམར་ཤོག་མཀ་སེསི་ལེ་ནིན་ཚོགས་པ་བཅས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ལྷན་ཚོགས་གནང་སྐབས་།    གལ་ཏེ་དམར་ཤོག་མའོ་ཚོགས་པས་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་ལས་ཡུན་ཕར་འགྱངས་གནང་རྒྱུར་མོས་མཐུན་གནང་བ་ཡིན་ན།    ད་ཡོད་སྲིད་བློན་ཇ་ལ་ནའཐ་ཁ་ནལ་་གྱིས་ཉིན་གྲངས་ལྔའི་ནང་ཚུད་དགོངས་ཞུ་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་རེད། དེར་བརྟེན་ཉེ་ལམ་གྲོས་མཐུན་བྱུང་བར་འགལ་འཇོལ་བྱུང་ན་མཇུག་འབྲས་ཚབས་ཆེ་ཡོང་ངེས་ལུགས་དམར་ཤོག་མའོ་ཚོགས་པའི་ཚོགས་གཞོན་སྦ་སྦུ་རམ་བ་ཏ་རའེ་་ཡིས་གསུངས་གནང་འདུག    ཕྱི་ལོ་༢༠༠༨་ལོར་བལ་ཡུལ་ནང་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་འཐུས་མི་གྲངས་ ༦༠༡ བདམས་ནས་ལས་ཡུན་ལོ་ངོ་གཉིས་རིང་བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་བཀོད་ཟིན་པ་བྱ་རྒྱུའི་དུས་བཀག་གནང་བ་རེད། འོན་ཀྱང་སྲིད་དོན་ཚོགས་པ་ཕན་ཚུན་དང་། སྲིད་དོན་ཚོགས་པའི་འགོ་ཁྲིད་ནང་ཁུལ་དབང་ཆའི་འཐབ་རྩོད་ལ་དུས་འདའ་ནས་ཁྲིམས་བཟོའི་ལས་དོན་བྱེད་ཐུབ་མེད་སྟབས།  ལོ་ངོ་གཅིག་རིང་ལས་ཡུན་ཕར་འགྱངས་གནང་དགོས་ཆགས་པ་རེད། འོན་ཀྱང་རྩ་ཁྲིམས་གསར་བཟོ་དང་ཞི་འགྲིག་ལས་དོན་གཉིས་ཀ་འཕྲོ་ལུས་སུ་འགྱུར་དབང་གིས་སླར་ཡང་ཟླ་གསུམ་རིང་ཕར་འགྱངས་གནང་བའི་དུས་ཡུན་ཕྱི་ཟླ་༨་པའི་ཚེས་༣༡་ཉིན་རྫོགས་ཀྱི་ཡོད་པ་རེད། ད་ཆ་སླར་ཡང་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་ལས་ཡུལ་ཕར་འགྱངས་གནང་རྒྱུར་འདོད་མོས་ཆེ་བ་བྱེད་པ་ལས་རྒྱལ་ཡོངས་འོས་བསྡུ་གནང་རྒྱུར་སྲིད་དོན་ཚོགས་པ་ཁག་གིས་མོས་མཐུན་བྱེད་ཀྱི་མེད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org