བལ་གཞུང་གིས་རྒྱ་ནག་གི་ལས་འཆར་ལ་ངོས་ལེན་བྱས་མེད།
གནས་མཆོག་ལུམ་བི་ནི་རུ་རྒྱ་ནག་གི་འཛུགས་སྐྲུན་གྱི་ལས་འཆར་ལ་བལ་ཡུལ་གཞུང་གིས་ངོས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག
-
2011-07-29 -
-
-
༄༅༎བལ་ཡུལ་གྱི་ཀན་ཏི་པུར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ རྒྱ་ནག་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ནས་ གནས་མཆོག་ལུམ་བི་ནི་ནང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་གྱི་ལས་འཆར་གྱི་སྙན་ཞུ་ཞིག་ཟླ་འདིའི་ཚེས་༢༨ རེས་གཟའ་ཕུར་བུ་ཉིན་ བལ་ཡུལ་གཞུང་ལ་ཕུལ་ཡོད་ནའང་བལ་ཡུལ་གཞུང་ནས་ངོས་ལེན་བྱས་མེད་པའི་སྐོར་གསལ་འདོན་བྱས་ཡོད་པ་རེད་ ཟླ་སྔོན་མའི་ནང་བལ་ཡུལ་དུ་གནས་སྡོད་རྒྱ་མིའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་དང་བལ་ཡུལ་གཞུང་གི་བློན་ཆེན་གཙོས་གཞུང་འབྲེལ་མི་སྣ་ཁག་ཅིག་ལུམ་བི་ནི་རུ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་ དེ་རྗེས་ཧོང་ཀོང་གི་གསར་ལས་ཁང་ཞིག་ནས་གནས་མཆོག་ལུམ་བི་ནི་ནང་འཛུགས་སྐྲུན་ཆེད་ཨ་སྒོར་ཐེར་འབུམ་གསུམ་གཏོང་འཆར་ཡོད་སྐོར་དང་ དེ་བཞིན་རྒྱལ་སྤྱིའི་གནམ་ཐང་ མགྲོན་ཁང་ ཡུལ་སྐོར་ས་ཚིགས་སོགས་འཛུགས་བསྐྲུན་བྱ་རྒྱུའི་སྐོར་གནས་ཚུལ་ཞིག་བརྒྱུད་བསྒྲགས་བྱས་ཡོད་པ་རེད་ འོན་ཀྱང་ལུམ་བི་ནི་རིག་གཞུང་མགྲིན་ཚབ་པས་ གནས་མཆོག་དེ་ཁུལ་འཛུགས་བསྐྲུན་གྱི་ལས་གཞི་ཇི་འདྲ་ཞིག་ཡིན་རུང་ དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་བལ་ཡུལ་གཞུང་ཡིན་དགོས་པ་ལས་ གཞུང་འབྲེལ་མ་ཡིན་པའི་ཕྱིའི་ཚོགས་པ་ཁག་གི་དཔལ་འབྱོར་གྱི་རྒྱབ་རྟེན་བྱས་ན་མི་འགྲིགས་པའི་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་བཞག་ གནས་མཆོག་ལུམ་བི་ནི་ ནི་འཛམ་གླིང་ཐོག་ནང་པའི་གནས་སྐོར་བ་དང་ ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་གལ་ཆེ་ཤོས་ཤིག་ཡིན་པ་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ ནང་པའི་མཁས་དབང་མང་པོ་ཕེབས་ཀྱི་ཡོད་པ་མ་ཟད་ རྒྱལ་ཚོགས་ཀྱིས་ངོས་འཛིན་གནང་བའི་གནས་ཆེན་ཞིག་ཀྱང་ཡིན་པ་རེད་༎