བལ་ཡུལ་གྱི་རྒྱལ་བརྒྱུད་རིང་ལུགས་སླར་གསོའི་དགོས་འདུན།
བལ་ཡུལ་གྱི་རྒྱལ་བརྒྱུད་རིང་ལུགས་ལ་ཤ་ཞེན་དང་རྒྱབ་སྐྱོར་བྱེད་མཁན་མི་དམངས་ཚོས་རྒྱལ་བརྒྱུད་རིང་ལུགས་སླར་གསོ་བྱ་དགོས་པའི་དགོས་འདུན།
-
2010-02-19 -
-
-
༄༅༎བལ་ཡུལ་གྱི་རྒྱལ་བརྒྱུད་རིང་ལུགས་ལ་ཤ་ཞེན་དང་རྒྱབ་སྐྱོར་བྱེད་མཁན་མི་དམངས་ཚོས་རྒྱལ་བརྒྱུད་རིང་ལུགས་སླར་གསོ་བྱ་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།
དེ་རིང་རེས་གཟའ་པ་སངས་ཉིན་དབུ་ཉེས་ཕོག་པའི་བལ་པོའི་རྒྱལ་པོ་གྱ་ནེན་རྡ་ར་ལ་རྒྱབ་སྐྱོར་བྱེད་མཁན་མི་དམངས་ཚོས་གསལ་བསྒྲགས་ཤིག་སྤེལ་ཏེ། གཟའ་འཁོར་རྗེས་མ་ནས་ཁོང་ཚོས་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཚོང་ལས་མཚམས་འཇོག་གི་ངོ་རྒོལ་ལས་འགུལ་སྤེལ་ཏེ་རྒྱལ་བརྒྱུད་རིང་ལུགས་སླར་གསོ་བྱ་རྒྱུར་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱ་དགོས་པའི་དགོས་འདུན་བཏོན་རྒྱུ་ཡིན་ཞེས་གསུང་ཡོད་ཅིང་དེ་ཡང་བལ་ཡུལ་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དེ་ནི་ཆབ་སྲིད་ཚོགས་པ་ཁག་གི་ནང་ནས་དབུ་ཉེས་ཕོག་པའི་རྒྱལ་པོ་གྱ་ནེན་རྡ་ར་ལ་དངོས་སུ་ཐོན་ཏེ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་ཁོང་ཚོས་རེས་གཟའ་ཟླ་བའི་ཉིན་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཚོང་ལས་ཚང་མ་སྒོ་རྒྱབ་ཏུ་བཅུག་པའི་ལས་འགུལ་སྤེལ་ཏེ་རྒྱལ་བརྒྱུད་རིང་ལུགས་སླར་གསོ་བྱ་རྒྱུའི་དགོས་འདུན་ལ་དང་ལེན་ཡོང་ཐབས་བྱ་རྒྱུ་ཡིན་པ་གསུང་ཡོད་པ་རེད། སྤྱིར་བཏང་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་ཚོས་ཡང་སེ་སོ་སོའི་དགོས་འདུན་ཁག་འགྲུབ་ཐབས་སུ་ཚོང་ཁང་དང་སློབ་གྲ་སོགས་སྒོ་རྒྱབ་བཅུག་པ་དང་རྒྱ་ལམ་ཐོག་འགྲིམས་འགྲུལ་བྱེད་མི་བཅུག་པ་བཀག་འགོག་བྱེད་པ། མོ་ཀྲ་མེར་སྲེག་གཏོང་བའི་ལས་འགུལ་སྤེལ་གྱི་ཡོད་ཀྱང་ད་རེས་བལ་ཡུལ་རྒྱལ་ཡོངས་དམངས་གཙོ་ཚོགས་པས་བལ་ཡུལ་རྒྱལ་སའི་ནང་ཚོང་ལས་མཚམས་འཇོག་གི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བྱས་པ་ཐེངས་དང་པོ་ཡིན་ཞིང་ཚོགས་པ་དེས་གྲོས་ཚོགས་ཀྱི་འཐུས་མི་ཅཱན་རྡར་སྦ་ཧ་རྡུར་གུ་རུང་གིས་གསུང་ན། བལ་ཡུལ་དེ་བཞིན་གཞུང་འབྲེལ་གྱི་ཐོག་ནས་ཧིན་རྡུའི་རྒྱལ་བརྒྱུད་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་འདི་ལོའི་ལོ་མཇུག་ཏུ་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་མཐའ་མའི་གཏན་འབེབས་མ་བྱུང་གོང་དེར་མི་དམངས་ཀྱིས་མང་མོས་འོས་བསྡུ་བྱས་ཏེ་རྒྱལ་བརྒྱུད་རིང་ལུགས་སླར་གསོ་བྱ་མིན་དང་ཧིན་རྡུའི་རྒྱལ་ཁབ་ཅིག་ཡིན་པ་གསལ་བསྒྲགས་བྱ་དགོས་མིན་ཐག་གཅོད་ཡོང་རྒྱུར་ཁོང་ཚོས་རེས་གཟའ་ཉི་མའི་ཉིན་ངོ་རྒོལ་ལས་འགུལ་འགོ་བཙུགས་ཏེ་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཉིན་མ་འགའ་ཤས་ཚོང་ལས་མཚམས་འཇོག་བྱེད་དུ་བཅུག་རྒྱུ་ཡིན་པ་དང་ད་དུང་རེས་གཟའ་མིག་དམར་ཉིན་བལ་ཡུལ་སྲིད་བློན་གྱི་ལས་ཁུངས་དང་གཞུང་གི་གལ་ཆེའི་བློན་ཆེན་ཁག་ཅིག་གི་ལས་ཁུངས་མདུན་བཀག་འགོག་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་ཡོད་པ་རེད།