ཉེན་རྟོག་པས་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ཁྲོད་མེ་མདའ་རྒྱབ་པ།

བལ་ཡུལ་གྱི་ཉེན་རྟོག་པས་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ཁྲོད་མེ་མདའ་རྒྱབ་ནས་མི་བཞི་རྐྱེན་འདས་སུ་བཏང་ཡོད་འདུག

བལ་ཡུལ་རྒྱལ་སར་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་གདོང་ཐུག་བྱུང་སྐབས། ༢༠༡༥།༩།༡ AFP

བལ་ཡུལ་གྱི་ཉེན་རྟོག་པས་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ཁྲོད་མེ་མདའ་རྒྱབ་ནས་མི་བཞི་རྐྱེན་འདས་སུ་བཏང་ཡོད་འདུག
དེ་ཡང་བལ་ཡུལ་གྱི་ལྷོ་ངོས་ས་ཁུལ་Mahottariཞེས་པ་དེར་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་དེར་མི་བརྒྱ་ཕྲག་གིས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་པའི་རིང་། ཉེན་རྟོག་པས་ངོ་རྒོལ་བའི་དཀྱིལ་དུ་མིག་ཆུ་ཤོར་བྱེད་དུག་རླངས་གཏོར་པ་དང་མེ་མདའ་རྒྱབ་ནས་ཉུང་མཐར་མི་བཞི་བསད་ཡོད་པ་རེད།
ངོ་རྒོལ་བ་གསུམ་འཛིང་རེས་བཏང་པའི་ནང་མེ་མདའ་ཕོག་པའི་རྗེས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བར་འདས་གྲོངས་ཕྱིན་ཡོད་ལུགས་ཉེན་རྟོག་པའི་མགྲིན་ཚབ་པ་Kamal Singh Bamནས་AFPགསར་འགོད་པར་གསུངས་ཡོད་འདུག
མི་བཞི་པ་དེ་Saptariཞེས་པའི་ཉེ་འགྲམ་དུ་ཉེན་རྟོག་པས་མེ་མདའ་རྒྱབ་ནས་བསད་ཙང་མི་བརྒྱ་ཕྲག་གིས་ཉེན་རྟོག་པར་རྡོ་དང་ཤེལ་དམ་སོགས་བཞུས་ཡོད་པ་རེད་འདུག
འདས་པའི་གཟའ་འཁོར་འགའ་ཞིག་ནང་བལ་ཡུལ་གྱི་མི་རིགས་ཁག་ནས་ཉེ་ཆར་ཟིན་བྲིས་བཀོད་པའི་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་དེར་བཟོ་བཅོས་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང་། གནས་ཚུལ་གསར་ཤོས་ནང་མི་༣༠ཙམ་ལ་རྨས་སྐྱོན་ཕོག་པའི་ནང་ཉེན་རྟོག་པ་བཅུ་དང་། ཟླ་བ་༡༨ལོན་པའི་ཕྲུ་གུ་གཅིག་བཅས་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གཟའ་འཁོར་སྔོན་མའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བེན་ཀི་མུན་གྱིས་བལ་ཡུལ་གྱི་འཁྲུག་རྩོད་དེ་མཚམས་འཇོག་དགོས་པ་མ་ཟད། སྲིད་དོན་པ་ཚོས་ངོ་རྒོལ་བ་ཚོ་དང་མཉམ་དུ་གནད་དོན་ཐག་གཅོད་ཡོང་བའི་གྲོས་མོལ་བྱེད་རྒྱུར་སྐུལ་མ་ཡང་བཏང་ཡོད་པ་རེད།    

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org