བལ་ཡུལ་སྲིད་བློན་གྱིས་ཡུལ་ནང་ཞི་བདེ་གོང་འཕེལ་གཏང་འཆར།

བལ་ཡུལ་གྱི་སྲིད་བློན་ནས་ཡུལ་ནང་ཞི་བདེའི་ལས་དོན་དེ་ཡུལ་ཁག་གཞན་ལ་དཔེ་མཚོན་ཞིག་ཏུ་འགྱུར་ཐུབ་པ་གནང་རྒྱུའི་དམིགས་ཡུལ་ཡོད་སྐོར།

༄༅༎བལ་ཡུལ་གྱི་སྲིད་བློན་པཱར་ཅན་རྡ་མཆོག་གིས་ཡུལ་ནང་ཞི་བདེའི་ལས་དོན་དེ་མངའ་ཁུལ་གྱི་ཡུལ་ཁག་གཞན་ལ་དཔེ་མཚོན་ཞིག་ཏུ་འགྱུར་ཐུབ་པ་གནང་རྒྱུའི་དམིགས་ཡུལ་ཡོད་སྐོར་གསུངས་འདུག

ཁོང་གིས་རེས་གཟའ་ཟླ་བའི་ཉིན་ནོར་ལྦེ་ཡུལ་གྱི་རྒྱལ་སྤྱིའི་འཛུགས་བསྐྲུན་བློན་ཆེན་ཨེ་རིཀ་སོལ་ཧའེམ་མཆོག་དང་མཇལ་མོལ་གནང་རྗེས་ཡུལ་ནང་སྲིད་དོན་གྱི་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་གི་ཡོད་སྐོར་གསུངས་འདུག ཁོང་གིས་ང་ཚོས་ཞི་བའི་ལས་དོན་དེ་རྒྱུ་མཚན་དང་ལྡན་པའི་ཐོག་མཇུག་བསྒྲིལ་གནང་ནས་ལས་དོན་དེ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་མིག་དཔེ་བལྟ་ཡུལ་ཞིག་ཏུ་འགྱུར་བའི་རེ་བ་ཡོད་སྐོར་གསུངས་འདུག ནོར་ལྦེ་ཡུལ་གྱི་འཛུགས་བསྐྲུན་བློན་ཆེན་ཨེ་རིཀ་སོལ་ཧའེམ་མཆོག་གིས་བལ་ཡུལ་ནང་སྲིད་དོན་གྱི་འགྱུར་བ་འགྲོ་བཞིན་པ་དེར་བསྔགས་བརྗོད་དང་ཁོང་གིས་འདས་པའི་ལོ་ངོ་འགའ་ཤས་ནང་འཛམ་གླིང་ནང་ཞི་བའི་ཐོག་འགྱུར་བ་ཧ་ཅང་ཡག་པོ་ཞིག་བལ་ཡུལ་ནང་ཕྱིན་ཡོད་པ་རེད་ཅེས་དང་རྒྱལ་སྤྱིའི་ནང་ཁག་ཅིག་གིས་དེ་ལྟར་ཡོང་རྒྱུ་མིན་པའའི་ཚོད་དཔགས་གནང་ཡང་ཉིད་རང་གིས་ཁོང་ཚོའི་ཚོད་དཔགས་དེ་ནོར་འཁྲུལ་ཡིན་པ་བཟོས་ཡོད་པ་རེད་ཅེས་གསུངས་ཞོར་དུ་ལོ་ངོ་གསུམ་སྔོན་པཱར་ཅན་རྡ་མཆོག་ནགས་ཚལ་ནང་འགེབས་ཡིབ་ནས་སྡོད་ཡོད་པའི་སྐོར་དྲན་གསོ་ཡང་གནང་ཡོད་པ་རེད། ཁོང་གིས་བལ་ཡུལ་ནང་གི་སྲིད་དོན་གྱི་འགྱུར་བ་དེ་ལྷོ་ཨེ་ཤི་ཡ་མངའ་ཁུལ་ཙམ་མ་ཟད་འཛམ་གླིང་གི་ས་ཕྱོགས་གང་སར་མིག་དཔེ་ཞིག་ཀྱང་ཆགས་ཀྱི་ཡོད་སྐོར་གསུངས་འདུག བལ་ཡུལ་གཞུང་གིས་འཆར་ལོའི་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་བརྒྱད་ཉིན་དམངས་གཙོའི་རྩ་ཁྲིམས་གསར་པ་ཞིག་གཏན་འཁེལ་གནང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org