བལ་ཡུལ་དུ་སྲིད་བློན་བསྐོ་འདེམས་ལ་སླར་ཡང་གྲོས་བསྡུར།

བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་སྲིད་བློན་བསྐོ་འདེམས་བྱེད་ཕྱོགས་ཐོག་སླར་ཡང་གྲོས་བསྡུར་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་སྲིད་བློན་བསྐོ་འདེམས་བྱེད་ཕྱོགས་ཐོག་སླར་ཡང་གྲོས་བསྡུར་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

འདས་པའི་ལོ་དེའི་ཕྱི་ཟླ་དྲུག་པ་ནས་བཟུང་སྲིད་བློན་མ་དལྦ་ཀུ་མར་ནེ་པལ་གྱིས་སྣེ་འཁྲིད་པའི་གཞུང་དེ་བཞིན་འཕྲལ་སེལ་གྱི་གཞུང་ཞིག་ཆགས་ནས་སྲིད་བློན་གསར་པ་ཐེངས་བཅུ་གྲངས་ཤིག་བསྐོ་འདེམས་བྱེད་རྒྱུའི་ཐབས་ཤེས་བྱས་ཀྱང་མང་མོས་ཀྱི་འོས་ཐོབ་མེད་པར་བརྟེན་ད་བར་བལ་ཡུལ་ནང་ཕྲལ་སེལ་གྱི་གཞུང་འཛིན་བཞིན་ཡོད་པ་རེད། གཞུང་བསྲ་བརྟན་ཞིག་མེད་པའི་རྐྱེན་གྱིས་ཕྱིའི་ཡུལ་གྲུ་ཁག་ནས་རོགས་རམ་བྱེད་རྒྱུ་དང་། ཕྱི་ཕྱོགས་ནས་མ་རྩ་འཛུགས་རྒྱུ་སོགས་ལས་དོན་མང་པོ་ཞིག་ལ་འཐུས་ཤོར་དང་དཔལ་འབྱོར་གྱི་གྱོང་གུན་ཕོག་གི་ཡོད་པ་རེད། བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་རྙིང་ཤོས་གྲས་ནེ་པལ་ཀོང་རེ་སེ་ཚོགས་པའི་སྲིད་བློན་འོས་དམིགས་རམ་ཅན་དར་པོདྲ་ལྦལ་ནས་ཀྱང་ལན་མང་འོས་ཐོབ་མེད་པའི་རྐྱེན་གྱིས་ཚོགས་མི་གཞན་ཚོའི་གནོན་ཤུགས་ལ་བརྟེན་ནས་ཉེ་ཆར་འོས་དམིགས་ཕྱིར་འཐེན་བྱས་ཡོད་པ་བཅས་ལ་བརྟེན་དེ་རིང་གྲོས་ཚོགས་ཀྱི་ཚོགས་གཙོ་སུ་སྦཤ་ཅན་དར་ནེམ་ལྦང་མཆོག་ནས་ཆབ་སྲིད་ཚོགས་པ་ཚོའི་གྲོས་ཚོགས་འཐུས་མི་རྣམས་ཚོགས་འདུ་བསྐོངས་ཚོགས་གནང་ནས་གཞུང་གསར་པ་འཛུགས་ཐབས་ཀྱི་ཐབས་ལམ་གཞན་གྲོས་བསྡུར་གནང་རྒྱུ་ཡིན་ཞེས་གསུངས་ཡོད་འདུག

ཕྱི་ལོ་༢༠༠༨ལོར་བལ་ཡུལ་ནང་གི་མའོའི་གྱེན་ལོག་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་སྐབས་རྒྱལ་ཁ་ཆེན་པོ་ཐོབ་ནས་གཞུང་འཛིན་ཡོད་ཀྱང་རིམ་པས་དམག་སྤྱིའི་ཐོག་ནས་མའོའི་གྱེན་ལོག་ཤོག་གི་དམག་མི་རྣམས་གཞུང་གི་དམག་མིའི་ཁོངས་སུ་ཟླ་བསྒྲིལ་གཏོང་རྒྱུའི་གནད་དོན་ཐོག་མི་མཐུན་པའི་རྙོག་དྲ་བྱུང་བ་སོགས་ཀྱི་བལ་ཡུལ་ནང་སླར་ཡང་ཆབ་སྲིད་བརྟན་ལྷིང་མེད་པའི་གནས་སྟངས་སུ་གྱུར་ཡོད་པ་དེས་རང་བཞིན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། ལྷག་པར་དུ་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཐོག་ལའང་དོ་ཕོག་ཐེབས་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org