བལ་ཡུལ་གྱི་རྒྱལ་ཁང་ཉེ་འཁོར་ལ་ངོ་རྒོལ་སྤེལ་རྒྱུར་དམ་བསྒྲགས།
བལ་ཡུལ་གཞུང་གི་ནང་སྲིད་ལྷན་ཁང་ནས་རྒྱལ་པོའི་རྒྱལ་ཁང་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་པ་རེད།
-
2008-05-26 -
-
-
༄༅༎བལ་ཡུལ་ནང་རྒྱལ་པོའི་རྒྱལ་ཁང་གི་ཉེ་འཁོར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་དམ་བསྒྲགས་གནང་ཡོད་པ་རེད་ དེ་ནི་ཉེ་ལམ་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་འོས་འདེམས་ཀྱི་རྗེས་སུ་ རྩ་ཁྲིམས་གསར་བཟོའི་འཐུས་མི་ལྷན་ཚོགས་ཐོག་མ་དེ་རེས་གཟའ་ལྷག་པའི་ཉིན་གནང་གི་ཡོད་པ་དང་ ཁྲིམས་བཟོ་ལྷན་ཚོགས་དེ་བརྒྱུད་ བལ་ཡུལ་ནང་རྒྱལ་པོའི་རིང་ལུགས་དེ་མེད་པ་བཟོ་འཆར་ཡོད་པ་ལྟར་ བལ་ཡུལ་གཞུང་གི་ནང་སྲིད་ལྷན་ཁང་ནས་ རྒྱལ་པོའི་རྒྱལ་ཁང་ ན་ར་ཡན་ཧི་ཏི་དང་ གཞན་ཡང་རྒྱལ་པོའི་བཞུགས་ཁང་མདུན་ལའང་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་པ་དང་ ཕྱོགས་མཚུངས་ནང་སྲིད་ལྷན་ཁང་གིས་ སྲིད་བློན་ཀོའེ་རེ་ལཱ་གཟིམ་ཁང་མདུན་དང་ དེ་བཞིན་སྦི་རེན་རྡར་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོ་བཅས་ཀྱི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པ་དང་ གལ་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བྱུང་ཚེ་ འཛིན་བཟུང་གིས་བཙོན་བཅུག་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་
བལ་ཡུལ་གྱི་རྒྱལ་པོ་གྱ་ནེན་རྡར་ནི་ ཁོང་གི་སྐུ་མཆེད་རྒྱལ་པོ་ སྦི་རེན་རྡར་ སྐུ་འཁོར་དང་བཅས་པ་སྐུ་སྲོག་བཀྲོངས་པའི་དོན་རྐྱེན་གྱི་རྗེས་སུ་ བལ་ཡུལ་རྒྱལ་པོའི་ཁྲི་ཐོག་ཕེབས་ཡོད་པ་དང་ ཡིན་ནའི་ཁོང་གིས་གཞུང་གི་སྲིད་དབང་སྒེར་བཞེས་ཀྱི་རྗེས་སུ་ བལ་ཡུལ་ནང་ཆབ་སྲིད་ཚོགས་པའི་འགོ་ཁྲིད་འོག མང་ཚོགས་ཀྱི་ངོ་ལོག་བྱུང་སྟེ་ མཐར་སྲིད་དབང་མི་མང་ལ་རྩིས་སྤྲོད་བྱ་དགོས་བྱུང་བ་དང་ ད་ཆ་སྲིད་དོན་ཚོགས་པ་ཁག་དབར་གྲོས་མཐུན་གྱི་ནང་དོན་ལྟར་ ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་འོས་ཐོབ་བྱུང་བ་ མང་མོས་ཐག་གཅོད་ཀྱིས་ ཉིན་ཤས་ནང་བལ་ཡུལ་ནང་རྒྱལ་པོའི་རིང་ལུགས་དེ་ཉིད་ཀྱང་ཆ་ཚང་མེད་པ་འགྱུར་གྱི་ཡོད་པ་དང་ བལ་ཡུལ་གྱི་རྒྱལ་པོ་མཆོག་རང་གི་རྒྱལ་ཁང་བཞག་སྟེ་དེ་སྔ་ཁོང་རྒྱལ་པོའི་ཁྲི་ཐོག་མ་ཕེབས་གོང་ རང་གི་བཞུགས་ཡུལ་སྒེར་གྱི་བཞུགས་ཁང་ལ་ཕྱིར་ལོག་གནང་གི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད་