བལ་ཡུལ་མའོ་ཚོགས་པས་མཉམ་སྦྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ།

གསོག་སྒར་ཁག་ཏུ་ཡོད་པའི་མའོའི་དྲག་འཐབ་པ་དང་གོ་མཚོན་བཅས་ཀྱི་བཏང་འཛིན་དམག་མི་ཟླ་བསྒྲིལ་དམིགས་བསལ་ཚོགས་ཆུང་།

༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་དོན་གཅོད་ཕྱི་ཟླ་༡པོའི་ཚེས་༡༥ཉིན་ཕྱིར་ཐོན་གྲུབ་རྗེས་གསོག་སྒར་ཁག་ཏུ་ཡོད་པའི་མའོའི་དྲག་འཐབ་པ་དང་གོ་མཚོན་བཅས་ཀྱི་བཏང་འཛིན་དམག་མི་ཟླ་བསྒྲིལ་དམིགས་བསལ་ཚོགས་ཆུང་ཞེས་འཛིན་སྐྱོང་ལས་ཁུངས་ཀྱི་ཚན་ཁག་གིས་གནང་གཏན་འཁེལ་ལུགས་བལ་ཡུལ་བར་བརྒལ་གཞུང་གིས་ཡིག་ཐོག་འབུལ་ལམ་ཞུས་འདུག   

འོན་ཀྱང་ཁ་ས་བལ་ཡུལ་དམར་ཤོག་མའོ་ཚོགས་པས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་དོན་གཅོད་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་དོན་གཅོད་ཀྱི་ལས་ཡུན་འདི་ལོ་ཕྱི་ཟླ་ལྔ་པའི་ཚེས་༢༨་བར་ཕར་འགྱངས་གནང་སྟེ་ཞི་འགྲིག་ལས་དོན་མཇུག་བསྒྲིལ་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་རེད། དེ་ཡང་དམར་ཤོག་མའོ་ཚོགས་པའི་ཚོགས་གཙོ་པུཤི་པ་ཀ་མལ་རྡ་ཧལ་ཉིད་ཀྱིས་སྙན་ཞུ་དེ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་དོན་གཅོད་ཀེ་རིན་ལེན་གིརིན་མཇལ་འཕྲད་སྐབས་ཕུལ་འདུག འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་དོན་གཅོད་རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་ཐོན་གནང་སྟེ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་ལས་དོན་སྙན་སེང་དང་སྦྲགས་འབྱུང་འགྱུར་ལས་དོན་བྱེད་སྒོའི་ལམ་སྟོན་ཞུ་རྒྱུ་ཡིན་པ་རེད།   

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་དོན་གཅོད་ཀྱི་བལ་ཡུལ་ནང་ལས་དུས་དེ་ སྔོན་བལ་ཡུལ་གཞུང་གིས་འབོད་སྐུལ་གནང་བ་ལྟར་ཕར་འགྱངས་ལན་གཅིག་གནང་ཡོད་པ་དེ་ཡང་ཟླ་བ་འདིའི་ཚེས་༡༥་ཉིན་དུས་ཡུན་རྫོགས་ཀྱི་ཡོད་པ་རེད།  ད་ཆ་བལ་ཡུལ་བར་བརྒལ་གཞུང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་དོན་གཅོད་ཀྱི་ལས་ཡུན་ཕར་འགྱངས་བྱ་རྒྱུར་འདོད་མོས་གནང་གི་མེད་སྟབས། དམར་ཤོག་མའོ་ཚོགས་པས་ཕར་འགྱངས་ཡོང་བའི་འབོད་སྐུལ་དེར་རྒྱལ་ཚོགས་ནས་དགོངས་བཞེས་གནང་དཀའ་བའི་གནས་སྟངས་ཆགས་ཡོད་པ་རེད།

བལ་ཡུལ་གྱི་སྡོད་སྒར་ཁག་ཏུ་ཡོད་པའི་དམར་ཤོག་མའོ་ཚོགས་པའི་དྲག་འཐབ་པ་རྣམས་ལ་སྟངས་འཛིན་བྱེད་ཕྱོགས་ཐད་གཞུང་དང་དམར་ ཤོག་མའོ་ཚོགས་པ་མཉམ་འདུས་ཀྱི་འགན་ཁུར་བྱ་རྒྱུའི་སྐོར་དེ་སྔའི་ཆིངས་དོན་ཁག་དང་བར་བརྒལ་རྩ་ཁྲིམས་བཅས་ནང་འཁོད་ཡོད་ལུགས་བལ་ཡུལ་གཞུང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་དོན་གཅོད་ལ་བཏང་བའི་ཡིག་ཆུང་དེའི་ནང་བཀོད་ཡོད་པ་མ་ཟད། དམག་དཔོན་ཟུར་པ་སྦ་ལ་ནན་རྡ་ཤར་མ་ཡིས་འགོ་ཁྲིད་པའི་མའོའི་དྲག་འཐབ་པ་དང་གོ་མཚོན་བཅས་ཀྱི་བཏང་འཛིན་དམག་མི་ཟླ་བསྒྲིལ་དམིགས་བསལ་ཚོགས་ཆུང་ཞེས་འཛིན་སྐྱོང་ལས་ཁུངས་ཀྱི་ཚན་ཁག་གིས་མའོའི་དྲག་འཐབ་པའི་སྡོད་སྒར་ཁག་ལ་བལྟ་རྟོགས་འགན་ཁུར་འགོ་བཙུགས་ཟིན་ལུགས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org