བལ་ཡུལ་གྲོས་ཚོགས་ཀྱིས་སྲིད་འཛིན་འོས་འདེམས་བྱ་རྒྱུ་འགོ་ཚུགས།
2008.07.19
༄༅༎བལ་ཡུལ་གྱི་ཆབ་སྲིད་ངོ་བོ་སྤྱི་མཐུན་དམངས་གཙོར་བསྒྱུར་བའི་རྗེས་མང་གཙོའི་ལུགས་དང་མཐུན་པའི་སྒོ་ནས་གཞུང་འཛིན་མཁན་གྱི་སྲིད་བློན་དང་བློན་ཆེན་ལྷན་ཚོགས་སོགས་ལས་གྲུབ་པའི་གཞུང་འཛིན་སྲིད་གཞུང་གསར་པ་ཞིག་བསྐོ་འདེམས་བྱེད་དགོས་པ་དང་ དེའི་ཆེད་དུ་ སྲིད་བློན་སོགས་བསྐོ་བཞག་གནང་མཁན་རྒྱལ་ཁབ་ཀྱི་དབུ་ཁྲིད་སྲིད་འཛིན་ཞིག་ཀྱང་དགོས་ཀྱི་ཡོད་ཙང་ བལ་ཡུལ་གྱི་གྲོས་ཚོགས་ཀྱིས་ བལ་ཡུལ་གྱི་སྲིད་འཛིན་དང་པོ་འོས་འདེམས་བྱ་རྒྱུའི་ལས་འགུལ་དེ་ དེ་རིང་དངོས་སུ་འགོ་བཙུགས་ཡོད་པ་རེད་ སྲིད་འཛིན་འོས་དམིགས་ཁོངས་སུ་མི་གསུམ་ཡོད་པ་རེད་ ཁོང་གསུམ་ནི་ ད་ཆ་དགུང་ལོ་ ༧༢ ལ་ཕེབས་པའི་རང་དབང་ཅན་གྱི་སྤྱི་མཐུན་གྱི་ལྟ་བ་འཛིན་མཁན་ རམ་རཇེ་སིང་ ཡིན་པ་དང་ ཁོང་སྲིད་འཛིན་ལ་འོས་པའི་རྒྱབ་སྐྱོར་བྱེད་མཁན་ བལ་ཡུལ་གྱི་གྲོས་ཚོགས་ནང་ཚོགས་མི་མང་ཤོས་ཡོད་པའི་མའོའི་ལྟ་བ་འཛིན་མཁན་ བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཡིན་པ་དང་ ཁོང་གི་ཁ་གཏད་ཁོངས་སུ་ ནེ་པ་ལི་ཀོང་རེ་སི་ཚོགས་པའི་འོས་དམིགས་ རམ་སྦ་རན་ཡ་རྡལྦ་ ཞུ་བ་དེ་དང་ མར་ཁ་སེ་དང་ ལེ་ནིན་གྱི་དམར་པོའི་ལྟ་གྲུབ་འཛིན་མཁན་ བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འོས་དམིགས་ རམ་པིརིཏ་ར་ལྦན་ ཞུ་བ་ཡིན་པ་རེད་
དེ་རིང་གི་གནས་ཚུལ་གཞིར་བཟུང་བྱས་ན་ སྲིད་འཛིན་དུ་འོས་འདེམས་བྱེད་པར་ བལ་ཡུལ་གྱི་གྲོས་ཚོགས་ཁོངས་ཀྱི་འཐུས་མིའི་གྲས་ནས་ ཉུང་མཐར་ཡང་སྤྱི་འཐུས་གྲངས་ ༢༩༨ ཀྱི་རྒྱབ་སྐྱོར་འཐོབ་དགོས་ཀྱང་ མའོའི་ཚོགས་པས་རྒྱབ་སྐྱོར་བྱས་པའི་ རཇ་རཇེ་སིང་ ལ་འོས་ཤོག་གྲངས་ ༢༨༢ མ་གཏོགས་མ་འཐོབ་པ་དང་ ནེ་པ་ལི་ཀོང་རེ་སི་ཚོགས་པའི་འོས་དམིགས་ རམ་སྦ་རན་ཡ་རྡལྦ་ ཞུ་བར་འོས་ཤོག་གྲངས་མང་ཤོས་འཐོབ་ཡོད་ཀྱང་སྲིད་འཛིན་དུ་འོས་འདེམས་བྱེད་པར་དགོས་ངེས་ཅན་གྱི་འོས་ཤོག་བཞི་ཉུང་དྲག་ཡོད་པ་རེད་ མདོར་ན་ བལ་ཡུལ་གྱི་སྲིད་འཛིན་འོས་བསྡུ་ཐོག་མར་དེའི་བརྒྱུད་ སྲིད་འཛིན་འོས་དམིགས་མི་གསུམ་ཡོད་པའི་ཁོངས་ནས་ སུ་ལའང་ཆ་ཚང་བའི་འོས་གྲངས་མ་ཚང་བའི་ཉེར་ལེན་ལ་བརྟེན་ནས་ སྲིད་འཛིན་འོས་འདེམས་བྱ་རྒྱུ་ལམ་ལྟོང་མ་བྱུང་བ་ཡིན་པ་ བལ་ཡུལ་གྱི་གཞུང་འབྲེལ་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་རྒྱང་སྲིད་བྱས་ཡོད་པ་རེད་