བལ་ཡུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོགས་ཞིབ་ལས་ཁང༌།

བལ་ཡུལ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་ལས་དོན་ལ་གཟིགས་རྟོགས་གནང་མཁན་འཕར་འགྱངས་གནང་དགོས་པའི་འབོད་སྐུལ།

༄༅༎བལ་ཡུལ་གཞུང་གིས་འཛམ་གླིང་མཉམ་འབྲེལལ་རྒྱལ་ཚོགས་ལ་ལོ་བཅུ་ལྷག་ཙམ་རིང་གི་མའོ་དམར་ཤོག་ཚོགས་པའི་གྱེན་ལོག་ལས་འགུལ་མཚམས་འཇོག་ཐུབ་པའི་ཞི་བདེའི་ལས་དོན་ལ་གཟིགས་རྟོགས་གནང་མཁན་བལ་ཡུལ་ནང་གི་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་དུས་ཡུན་བསྐྱར་དུ་འཕར་འགྱངས་གནང་དགོས་པའི་འབོད་སྐུལ་ཞུས་འདུག།

བལ་ཡུལ་ནང་གི་ཞི་བདེའི་བྱ་རིམ་ལ་གཟིགས་ཞིབ་གནང་ཕྱིར་རྒྱལ་ཚོགས་ཀྱི་ལས་ཁུངས་དེ་༢༠༠༧ལོའི་ཕྱི་ཟླ་༡པོའི་ནང་གསར་འཛུགས་གནང་ཡོད་ཅིང༌། ཐོག་མར་གསར་འཛུགས་གནང་སྐབས་ལོ་གཅིག་གི་ལས་ཡུན་དུས་མཚམས་བཟོས་གནང་བའི་ལས་ཁུངས་དེའི་དུས་ཡུན་ཐེངས་འགའ་ཤས་འཕར་འགྱངས་གནང་ཡོད་པ་རེད།

དེ་རིང་བལ་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་མ་རྡན་སྦ་ཏ་རའེ་ཡིས་གོང་ཞུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དེའི་ལས་ཡུན་དུས་ཚོད་ལོ་རྗེས་མའི་ཕྱི་ཟླ་ལྔ་པའི་ཚེས་༡༥བར་འཕར་འགྱངས་གནང་དགོས་པའི་གཞུང་འབྲེལ་སྙན་ཞུ་ཞིག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་ལྟེ་བར་ཕུལ་ཟིན་པའི་སྐོར་གསུངས་བཞག

མའོ་ཚོགས་པས་༢༠༠༨ལོར་བལ་ཡུལ་རྒྱལ་ཡོངས་འོས་བསྡུའི་ནང་འགྲན་བསྡུར་མཉམ་ཞུགས་བྱས་རྗེས་ཁོང་ཚོར་རྒྱལ་ཡོངས་གྲོས་ཚོགས་ནང་འོས་ཤོག་གྲངས་མང་གི་རྒྱལ་ཁ་ཐོབ་ཡོད་པ་རེད། འོན་ཀྱང་རྒྱལ་ཚོགས་ཀྱི་གཟིགས་ཞིབ་འོག་ཡོད་པའི་སྒར་ས་ཁག་ནང་བཞག་པའི་མའོ་ཤོག་ཁག་གི་གྱེན་ལོག་པ་ཟུར་པ་ཚོའི་མ་འོངས་མདུན་ལམ་ཐད་མའོ་ཚོགས་པ་དང་སྲིད་དོན་ཚོགས་པ་གཞན་ཁག་དང་རྩོད་གཞི་ཆེན་པོ་བྱུང་བའི་མཐར་གཞུང་སྲིད་འཛིན་སྐྱོང་གི་ལས་དོན་ནས་མའོ་ཚོགས་པ་དགོངས་ཞུ་བྱས་ཡོད་པ་རེད།

བལ་ཡུལ་ནང་གི་ཞི་བདེའི་བྱ་རིམ་ལག་བསྟར་གནང་བའི་ཁོངས་སུ་མའོ་ཤོག་ཁག་གི་གོ་མཚོན་ཕྱིར་བསྡུ་བྱས་པའི་གོ་མཛོད་ཐོག་བལ་ཡུལ་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དེས་ལྟ་རྟོགས་གནང་གི་ཡོདཔ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org