བལ་ཡུལ་ནང་ཞི་བའི་ལས་འཆར་མགྱོགས་སུ་གཏོང་རྒྱུའི་སྐུལ་མ།
བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཞི་བའི་ལས་འཆར་གྱི་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་ཨ་རིའི་དཔོན་རིགས་ནས་སྐུལ་མ་གནང་འདུག
-
2010-01-20 -
-
-
༄༅༎བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཞི་བའི་ལས་འཆར་གྱི་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་ཨ་རིའི་དཔོན་རིགས་ནས་སྐུལ་མ་གནང་འདུག
བལ་ཡུལ་ནང་འཚམས་གཟིགས་སུ་ཕེབས་པའི་ཨ་རིའི་ཕྱི་སྲིད་ལས་ཁང་གི་ལྷོ་དང་དབུས་ཨི་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ཕྱག་རོགས་པེ་ཀྲི་རིཀ་མུན་གྱིས་བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མའར་ནེ་པལ་དང་བལ་ཡུལ་དམར་ཤོག་ཚོགས་པའི་དཔོན་རིགས་ཟུར་པ་པུཤི་པ་ཀ་མལ་རྡ་ཧལ་ སོགས་དང་མཇལ་མོལ་གནང་ཏེ་བལ་ཡུལ་གྱི་དཔོན་རིགས་ཚོས་ཡུལ་དེའི་ནང་འདས་པའི་ལོ་ངོ་བཅུའི་རིང་ནང་འཁྲུག་གིས་རྐྱེན་པས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཧ་ཅང་གི་ཉམ་ཆགས་ཕྱིན་ཡོད་པའི་ཐོག་བརྟག་དཔྱད་ཞིབ་འཇུག་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད་ བལ་ཡུལ་ནང་ཕྱི་ལོ་ཉིས་སྟོང་དྲུག་ལོར་ནང་འཁྲུག་མཚམས་འཇོག་གིས་ཞི་བའི་ལས་འཆར་འགོ་འཛུགས་བྱས་ཡོད་ན་ཡང་འདས་པའི་ལོ་ངོ་ཁ་ཤས་རིང་བལ་ཡུལ་ནང་གི་གནས་སྟངས་ལ་དེ་ཙམ་གྱི་འགྱུར་ལྡོག་གཏོང་མི་ཐུབ་པར་མའོ་གྱེན་ལོག་ཤོག་ཁག་གི་དམག་མི་སྟོང་ཁྲག་ཁ་ཤས་ད་དུང་ཡང་བལ་ཡུལ་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་ཡོད་མུས་ཡིན་པ་དང་ཨ་རིའི་དཔོན་རིགས་པེ་ཀྲི་རིཀ་མུན་གྱིས་བལ་ཡུལ་གྱི་དཔོན་རིགས་དང་མཇལ་མོལ་སྒྲུབ་པའི་རྗེས་གསར་འགོད་ལྷན་ཚོགས་ཐོག་ཨ་རི་གཞུང་གིས་བལ་ཡུལ་ནང་ཞི་བའི་ལས་འཆར་མགྱོགས་མྱུར་སྤེལ་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་པ་དང་བལ་ཡུལ་གྱི་ཚོགས་པ་ཚང་མའི་དབར་བསམ་ཚུལ་གཅིག་མཐུན་ཞིག་ཡོང་རྒྱུར་དུས་ཚོད་ངེས་གཏན་ཞིག་དགོས་ཀྱི་ཡོད་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་ཡིན་ནའི་ཕྱི་ཟླ་ལྔ་པའི་དུས་བཀག་གི་གོང་ཕྱོགས་ཚང་མའི་བསམ་ཚུལ་དང་མཐུན་པའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུང་འདུག་ལ་ ཨ་རིའི་དཔོན་རིགས་མུན་ནས་བལ་ཡུལ་ནང་འདས་པའི་ལོ་ངོ་བཅུ་གྲངས་རིང་མའོ་གྱེན་ལོག་ཤོག་ཁག་དང་བལ་ཡུལ་གཞུང་དབར་ནང་འཁྲུག་རྒྱབ་པའི་རིང་ཕྱོགས་གཉིས་ཀས་སྤྱི་འབངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་གནད་དོན་ཚབས་ཆེ་ཡོད་པ་དེ་ཚོའི་ཐོག་བརྟག་དཔྱད་ཞིབ་ནན་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད་།