འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པི་ལེའི་སྐོར།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ནས་ཨ་རབ་ཡུལ་ནང་མང་ཚོགས་ཀྱི་ངོ་རྒོལ་ཐོག་གཞུང་གིས་དྲག་རྩུབ་བྱས་པར་སྐྱོན་བརྗོད།
-
2011-06-27 -
-
-
༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལྕམ་ནེ་ལྦི་པི་ལེ་ཡིས་དེ་སྔ་སྐབས་ཅིག་ལྷོ་ཨཕ་རི་ཀའི་ནང་ཁྲིམས་དཔོན་ཆེན་པོ་མི་རིགས་དཀར་པོས་མ་གཏོགས་བྱེད་མི་ཆོག་པའི་དུས་ཚོད་ཅིག་བྱུང་ཡོད་སྐོར་གསུངས་འདུག།
མིག་སྔར་འཛམ་གླིང་ནང་གི་དཀའ་སྡུག་མྱོང་བཞིན་པ་ཚོའི་བདེ་སྡུག་ལ་གཟིགས་ཞིབ་གནང་མཁན་བུད་མེད་ལྕམ་པི་ལེ་ཡིས་ ལིབ་ཡ་དང་སི་རི་ཡ་ ཐེ་པའི་ ཨ་རབ་ཁ་ཆེའི་ཡུལ་ཁག་ནང་སྲིད་གཞུང་གིས་དྲག་གནོན་ཚབས་ཆེ་བྱེད་བཞིན་ཡོད་པར་ཐད་ཀར་སྐྱོན་བརྗོད་གནང་གི་ཡོད་པར། མང་པོ་ཞིག་གིས་ཁོང་ལ་ཆ་འཇོག་ཆེན་པོ་ཞུ་བཞིན་ཡོད་པ་རེད། ཁོང་ནི་ལྷོ་ཨཕ་རི་ཀའི་ནང་བུད་མེད་ཀྱིས་ཁྲིམས་ཁང་ཆེན་མོའི་ཁྲིམས་དཔོན་གནང་མཁན་ཨང་དང་པོ་དེ་ཡིན་པ་དང༌།
ཁོང་འཚར་ལོངས་གནང་བའི་སྐབས་ ལྷོ་ཨཕ་རི་ཀའི་ནང་མི་རིགས་དཀར་ནག་དབར་དབྱེ་འབྱེད་ཕྱོགས་ལྷུངས་ཆེ་བའི་དུས་སྐབས་ཤིག་ཡིན་སྟབས། ཁོང་གི་མི་ཚེའི་ཉམ་མྱོང་ཐོག་ནས་འགྲོ་བ་མིའི་སྡུག་བསྔལ་གསལ་པོ་ཚོར་ཐུབ་པ་བྱུང་གནང་ཡོད་སྐོར་ ཕ་རེན་སི་གསར་ལས་ཁང་གིས་ཁོང་ལ་ ཇི་ནེ་ལྦའི་ནང་བཅའ་དྲི་ཞུ་སྐབས་འགྲེལ་བརྗོད་གནང་བཞག།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལྕམ་པི་ལེ་ཡིས་ཉེ་བའི་ཆར་ཨ་རབ་ཡུལ་གྲུ་ཁག་ནང་མང་ཚོགས་ཀྱི་ངོ་རྒོལ་ཐོག་གཞུང་གིས་དྲག་རྩུབ་ཆེན་པོ་བྱས་པར་ཐད་ཀར་སྐྱོན་བརྗོད་གནང་ཡོད་པ་མ་ཚད། ཁོང་གིས་འཛམ་གླིང་ནང་གི་དཀའ་ངལ་ཆེ་སའི་ལུང་པ་མང་པོ་ཞིག་ལ་གཟིགས་སྐོར་གནང་བར་ཕེབས་ཡོད་པ་རེད།