བྱང་ཨེཊི་ལན་ཊིཀ་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་ཡིན་པ་བསྒྲགས་འདུག
བྱང་ཨེཊི་ལན་ཊིཀ་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་རྒྱ་ནག་གིས་འཆར་གཞི་ལྡན་པའི་སྒོ་ནས་ཉེན་ཁ་བཟོ་བཞིན་ཡོད་པའི་འདོད་ཚུལ་བསྒྲགས་མཚམས་འཇོག་དགོས་བ་ཡོ་རོབ་མཐུན་ཚོགས་ལ་ཆེད་གཉེར་རྒྱ་ནག་གི་དོན་གཅོད་ཀྱིས་འབོད་སྐུལ་བྱས་འདུག
- 2021-06-15
-
-
-
Your browser doesn’t support HTML5 audio
བྱང་ཨེཊི་ལན་ཊིཀ་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་རྒྱ་ནག་གིས་འཆར་གཞི་ལྡན་པའི་སྒོ་ནས་ཉེན་ཁ་བཟོ་བཞིན་ཡོད་པའི་འདོད་ཚུལ་བསྒྲགས་མཚམས་འཇོག་དགོས་བ་ཡོ་རོབ་མཐུན་ཚོགས་ལ་ཆེད་གཉེར་རྒྱ་ནག་གི་དོན་གཅོད་ཀྱིས་འབོད་སྐུལ་བྱས་འདུག
ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་ལགས་ཀྱིས་བྱང་ཨེཊི་ལན་ཊིཀ་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་མ་དེ་གནང་སྐབས། སྒྲིག་འཛུགས་དེའི་དབུ་ཁྲིད་རྣམས་ཀྱིས་སྒེར་གཅོད་དབང་འཛིན་རིང་ལུགས་བྱིངས་དང་། དམག་དོན་སྟོབས་ཤུགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་གཞུང་གིས་ཁྲིམས་ལ་གཞི་བཅོལ་བའི་རྒྱལ་སྤྱིའི་ལམ་ལུགས་དང་། བྱང་ཨེཊི་ལན་ཊིཀ་སྤྱི་ཆིངས་སྒྲིག་འཛུགས་ཀྱི་བདེ་འཇགས་ལ་འཆར་གཞི་ལྡན་པའི་སྒོ་ནས་ཉེན་ཁ་བཟོ་བཞིན་ཡོད་པ་གསུངས་པ་མ་ཟད། ལྷན་ཚོགས་དེ་མཇུག་སྒྲིལ་གནང་བ་དང་བསྟུན་ནས་གཟའ་ཟླ་བའི་ཉིན་སྒྲིག་འཛུགས་དེས་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།
དེའི་ཐད་ཡོ་རོབ་མཐུན་ཚོགས་ལ་ཆེད་གཉེར་རྒྱ་ནག་གི་དོན་གཅོད་ཀྱིས་འདི་ཚེས་༡༥་གཟའ་མིག་དམར་ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བྱང་ཨེཊི་ལན་ཊིཀ་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་རྒྱ་ནག་ཞི་བའི་སྒོ་ནས་ཡར་རྒྱས་འགྲོ་བཞིན་པར་མིང་ངན་པ་བཟོས་པ་དང་། རྒྱལ་སྤྱིའི་གནས་སྟངས་ལ་ཚོད་རྩིས་ལོག་པ་བྱས་པ་དེ་ཡིས་གྲང་དམག་གི་བསམ་བློའི་འཁྱེར་སོ་ཡོད་པ་ཤུགས་ཀྱིས་བསྟན་ལུགས་དང་། རྒྱ་ནག་གཞུང་གིས་སུ་ཞིག་ལ་ཡང་འཆར་གཞི་ལྡན་པའི་སྒོ་ནས་ཉེན་ཁ་བཟོ་ཡི་མེད་ཅེས་བརྗོད་ཡོད་འདུག
ཡང་བྱང་ཨེཊི་ལན་ཊིཀ་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཚོགས་དེའི་གོང་ལ་(G7)་ཞེས་འཛམ་གླིང་ནང་ནས་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་ཀྱིས། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ནང་དྲུག་བཞིའི་དོན་རྐྱེན་བྱུང་བའི་རྗེས་སུ། རྒྱ་ནག་ལ་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་ཤོས་བྱས་བ་མ་ཟད། ཏོག་དབྱིབས་ནད་ཡམས་ཐོག་མའི་འབྱུང་ཁུངས་དང་བྱུང་སྟངས་སྐོར་ཞིབ་འཇུག་གསར་པ་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ། དེ་བཞིན་ཧོང་ཀོང་ལ་ཆེས་མཐོའི་རང་སྐྱོང་གི་ཁེ་དབང་ལོངས་སུ་སྤྱོད་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། ཐེ་ཝན་མཚོ་འགག་དང་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།