བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་དང་ཨ་རིས་རང་གི་མཐུན་ཕྱོགས་དང་མཉམ་དེ་འགོག་སྲུང་གི་དམག་སྦྱོང་བྱས་འདུག
བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་མ་ཐག་ཨ་རི་དང་རང་གི་མཐུན་ཕྱོགས་ཡུལ་གྲུ་ཚོས་མཚོ་ཐོག་གྲུ་གཟིངས་ཀྱི་སྟེང་མེ་ཤུགས་འཕུར་མདེལ་འགོག་སྲུང་དང་འབྲེལ་བའི་དམག་སྤྱོང་བྱས་འདུག
- 2022-10-06
-
-
-
དེ་ཡང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། བྱང་ཀོ་རི་ཡས་གཟའ་ཕུར་བུའི་ཉིན་ཉི་ཧོང་གི་བར་སྣང་བརྒལ་ནས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་བ་ཞི་བདེའི་རྒྱ་མཚོའི་ནང་འཕངས་ཡོད་དང་། དེ་རྒྱང་ཐག་སྤྱི་ལེ་༤༦༠༠ཙམ་སྙོབ་འདུག དེ་མ་ཐག་ཨ་རིས་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཉི་ཧོང་དང་། ལྷོ་ཀོ་རི་ཡ་མཉམ་དུ་འཐབ་འཛིང་གྲུ་གཟིངས་སྟེང་མེ་ཤུགས་འཕུར་མདེལ་གཏོར་རྒོལ་འགོག་སྲུང་ལ་དམིགས་པའི་དམག་སྦྱོང་བྱས་ཡོད་འདུག
བྱང་ཀོ་རི་ཡས་ལོ་འདིའི་ནང་མེ་ཤུགས་འཕུར་མདེལ་༤༠ཙམ་ཞིག་ཚོད་ལྟ་བྱས་ཡོད་པའི་ནང་། གླིང་གཅིག་ནས་གླིང་གཞན་ཞིག་ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ཡང་ཚུད་ཡོད་པ་མ་ཟད། རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱེད་པར་གྲ་སྒྲིག་ཡོད་པའི་མངོན་རྟགས་འདུག་ཅེས་ཨ་རི་དང་ལྷོ་ཀོ་རི་ཡའི་དཔོན་རིགས་སོ་སོས་འགྲེལ་བརྗོད་བྱས་འདུག
བྱང་ཀོ་རི་ཡས་ཕྱི་ལོ་༢༠༡༧ལོའི་རྗེས་སུ་ཉི་ཧོང་གི་ས་མཚམས་བརྒལ་ནས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་ད་རེས་ཐོག་མ་ཡིན་འདུག་པ་དང་། དེ་ནི་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་འགལ་འཛོལ་བྱས་པ་ཙམ་དུ་མ་ཟད། མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད་ཅེས་ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་ཁ་རྡུང་བཏང་འདུག
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།