འབར་མའི་གཞུང་གིས་བཙོན་པ་རྣམས་གློད་བཀྲོལ་གཏོང་རྒྱུ།
ཉེ་ཆར་དམངས་གཙོའི་བཅོས་བསྒྱུར་བྱུང་བར་བརྟེན་མ་འོངས་པར་འབར་མའི་ནང་གི་བཙོན་པ་རྣམས་གློད་བཀྲོལ་གཏོང་རྒྱུ་ཡིན་པ་ཁས་ལེན།
-
2011-09-28 -
-
-
༄༅༎འབར་མའི་གཞུང་གིས་འབར་མའི་ནང་ཉེ་ཆར་དམངས་གཙོའི་བཅོས་བསྒྱུར་བྱུང་བར་བརྟེན་མ་འོངས་པར་འབར་མའི་ནང་གི་བཙོན་པ་རྣམས་གློད་བཀྲོལ་གཏོང་རྒྱུ་ཡིན་པ་ཁས་ལེན་གནང་ཡོད་པ་རེད།
དེ་ཡང་འབར་མའི་ཕྱི་སྲིད་བློན་ཆེན་ཝ་ན་མོང་ལིཝིན་མཆོག་གིས་ཁ་ས་རེས་གཟའ་མིག་དམར་ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལྷན་འཛོམས་ཐོག་གསུང་དོན། ཟླ་བ་སྔོན་མར་འབར་མའི་སྲིད་འཛིན་མཆོག་དང་དམངས་གཙོ་དོན་གཉེར་བ་ལྕམ་ཨོང་སན་སུའུ་ཆི་རྣམ་གཉིས་མཇལ་འཕྲད་ཀྱིས་ཕན་ཚུལ་དབར་དགོངས་ཚུལ་མི་འདྲ་བ་གླེང་གནང་སྟེ་མཐར་མཉམ་སྦྲེལ་གྱི་ལས་དོན་སྤེལ་རྒྱུའི་དགོངས་པ་བྱུང་ཡོད་པ་རེད་ཅེས་གསུང་པ་དང་། ཆབས་གཅིག་ཕྱི་སྲིད་བློན་ཆེན་མཆོག་གིས་འབར་མའི་ནང་དཔལ་འབྱོར་གྱི་དམ་བསྒྲགས་བསྐལ་བ་དེ་དག་ཕྱིར་བསྡུ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་པ་རེད། དེ་བཞིན་ཡང་ལྷན་ཚོགས་དེའི་ཐོག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནས་འབར་མའི་གཞུང་གིས་ཡུལ་ནང་གནས་པའི་ཆབ་སྲིད་བཙོན་པ་༢༠༠༠ལྷག་ཙམ་ཡོད་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། ཡང་འབར་མའི་ཕྱི་སྲིད་བློན་ཆེན་མཆོག་གིས་འབར་མའི་ནང་ཡོད་པའི་ཆབ་སྲིད་ཀྱི་བཙོན་པ་རྣམས་མ་འོངས་པར་གློད་བཀྲོལ་གཏང་རྒྱུའི་འཆར་གཞི་ཡོད་པ་ལས་གཞི་རྩའི་དུས་ཚོད་ངེས་གཏན་དང་། དེ་བཞིན་གནས་ཚུལ་ཁ་གསལ་གང་ཡང་གསལ་སྟོན་གནང་མེད་པ་རེད། ཡང་ལྷན་ཚོགས་དེའི་ཐོག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཨིན་ཇིའི་སྐུ་ཚབ་སྐུ་ཞབས་མཀ་ལིཡེལ་གེ་རེནཏ་མཆོག་གིས་འབར་མའི་དམངས་གཙོ་ཚོགས་པ་དེ་ཆབ་སྲིད་ཚོགས་པ་ཞིག་ཡིན་པར་ངོས་འཛིན་དང་སྦྲགས་དེབ་བསྐྱེལ་བྱེད་དུ་བཅུག་དགོས་པ་དང་ གྲངས་ཉུང་ཤའན་ དང་ ཀ་ཆིན་མི་རིགས་ལ་གདུག་རྩུབ་མཚམས་འཇོག་དགོས་པའི་སྐོར་གསུང་ཡོད་པ་རེད༎