འབར་མའི་དམག་དཔོན་ཁག་ཅིག་ད་ཆ་ཁྲིམས་བཟོ་བ་ཆགས།

དེ་སྔོན་དམག་མིའི་དཔོན་པོ་ཡིན་པའི་འབར་མ་ཡུལ་གྱི་མི་སྣ་ཁག་ཅིག་ད་ཆ་འབར་མའི་གྲོས་ཚོགས་ནང་ཁྲིམས་བཟོ་པ་ཆགས་ཡོད་པ་རེད།

༄༅༎ལོ་གཉིས་གོང་དམག་མིའི་དཔོན་པོ་ཡིན་པའི་འབར་མ་ཡུལ་གྱི་མི་སྣ་ཁག་ཅིག་ད་ཆ་དམག་ཆས་ཕུད་ནས་འབར་མའི་གྲོས་ཚོགས་ནང་ཁྲིམས་བཟོ་པ་ཆགས་ཡོད་པ་དང༌། ཁག་ཅིག་གིས་དམག་ཆས་གྱོན་ནས་གྲོས་ཚོགས་ནང་བཞུགས་རྒྱུ་ཡིན་ནའང༌། ཚང་མས་ལས་གནས་གསར་པ་དམངས་གཙོའི་ལམ་སྲོལ་ལ་སྦྱང་དགོས་ཆགས་ཡོད་པ་རེད།
ལོ་ལྔ་བཅུ་མན་ཙམ་རིང་དྲག་པོས་སྲིད་དབང་འཛིན་པའི་འབར་མའི་ཡུལ་དེ་བཞིན་སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་ཞི་བའི་གཞུང་སྲིད་འཛིན་སྐྱོང་ལམ་ལུགས་གསར་པའི་འོག་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཡོད་པ་རེད། འོན་ཀྱང་དྲག་པོའི་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་འབར་མའི་ནང་བཅོས་བསྒྱུར་ཞེས་འགྲེལ་བརྗོད་གནང་གི་ཡོད་པ་དེ་ནི། དྲག་པོའི་དམག་དཔོན་ཟུར་པ་ཚོའི་མིག་ནང༌། དམག་དོན་དཔོན་རིགས་ཟུར་པ་ཚོ་ད་ཆ་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ཆགས་པའི་གསར་བརྗེ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། གྲོས་ཚོགས་གོང་འོག་གཉིས་ནང་ཁྲིམས་བཟོའི་གྲོས་བསྡུར་དང༌། འོས་བསྡུ། ཁྲིམས་འཆར་གཏན་འབེབས་བྱེད་ཡག་དེ་ཚོ་ཚང་མ་གྲོས་ཚོགས་འཐུས་མི་དམག་དཔོན་ཟུར་པ་ཚོར་ཉམ་མྱོང་གསར་པ་ཞིག་ཡིན་པ་རེད།
འབར་མའི་གྲོས་ཚོགས་ཚུགས་ནས་ལོ་གཅིག་ཕྱིན་ཚར་བའི་རྗེས་སུའང༌། ཁྲིམས་བཟོ་པ་གསར་པ་ཡུལ་དེའི་དམག་དཔོན་ཟུར་པ་ཚོ་ལས་དོན་མགྱོག་པོ་གནང་མ་ཐུབ་པའི་དཀའ་ངལ་ཡོད་པ་རེད། མིང་འདོན་གནང་འདོད་མེད་པའི་གྲོས་ཚོགས་འཐུས་མི་ཅིག་གིས་ གྲོས་ཚོགས་ཀྱི་ལས་དོན་བྱེད་ཁག་པོ་འདུག་ཅེས་ངོས་ལེན་གནང་ཡོད་པ་རེད། འབར་མའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་རྗེས་མ་དེ་ཟླ་བ་འདིའི་ཚེས་༢༦ཉིན་དབུ་འཛུགས་གནང་རྒྱུ་ཡིན་པ་དང༌། དེའི་སར་རྒྱལ་ཁབ་གྱི་ལོ་འཁོར་དངུལ་རྩིས་འཆར་གཞིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org