དམིགས་བསལ་སྐུ་ཚབ་ནས་བོད་རྒྱ་འབྲེལ་མོལ་སྐོར་གསུང་བཤད།

དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་རྒྱ་འབྲེལ་མོལ་གྱི་ད་ལྟའི་གནས་བབ་ཐོག་གསུང་བཤད་གནང་བ།

༄༅།།ཕྱི་ལོ་༢༠༡༠ཟླ་༡༡ཚེས་༢༤རེས་གཟའ་ལྷག་པའི་ཉིན་སིང་ག་པུར་ནང་རྟེན་གཞི་བྱས་པའི་ལྷོ་ཨེ་ཤི་ཡའི་ཤེས་ཡོན་བསྟི་གནས་ཁང་གི་མཐུན་འགྱུར་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་རྒྱ་འབྲེལ་མོལ་གྱི་ད་ལྟའི་གནས་བབ་ཐོག་གསུང་བཤད་ཅིག་གནང་ཡོད་པ་རེད།

དམིགས་བསལ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་ ང་ཚོ་བོད་པའི་ངོས་ནས་ལོ་བཅུ་ཕྲག་ལྷག་རིང་རྒྱ་ནག་གཞུང་གི་མི་སྣ་འདྲ་མིན་དང་མཉམ་དུ་འབྲེལ་བ་ཆད་མཐུད་ལན་མང་གི་ལོ་རྒྱུས་བྱུང་ཡོད་ཀྱང་ བོད་མི་ཚོའི་ངོས་རང་བཙན་རྩོད་རྒྱུ་བློས་བཏང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཞིག་འབྱུང་རྒྱུར་འབད་སྩོལ་གནང་བཞིན་ཡོད་པ་སོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཉིས་སྨན་དབུ་མའི་ལམ་གྱི་མཛད་བྱུས་སྐོར་རྒྱ་ནག་གཞུང་འཛིན་པ་ཚོའི་ཐེ་ཚོམ་དང་གོ་བ་ལོག་གྲུབ་སེལ་ཐབས་ཆེད་འགྲེལ་བརྗོད་རིམ་པ་བྱས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དེ་དག་ཞིབ་ཕྲ་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་སྤྲད་ཡོད་པའི་བྱུང་རིམ་ཁག་གསལ་བཤད་གནང་འདུག།

ད་དུང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་སྤྱིར་ད་ལྟའི་ཆར་ང་ཚོས་བོད་ཀྱི་གནད་དོན་སེལ་རྒྱུའི་འབྲེལ་མོལ་བྱས་པ་དེར་དོན་ཕན་ལྡན་པའི་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད་ཀྱང་ང་ཚོའི་འབྲེལ་མོལ་དེས་རྒྱ་བོད་ཕྱོགས་གཉིས་ཀྱི་གནས་སྟངས་དང་སེམས་ཚབ་ཇི་འདྲ་ཡོད་པའི་སྐོར་ཕན་ཚུན་ཤེས་རྟོགས་ཇེ་བཟང་དུ་བཏང་ཐུབ་པ་བྱུང་ཡོད་ཅེས་གསུང་པ་དང་སྦྲགས། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་ཕྱི་ལོ་༡༩༧༠ནས་༡༩༨༥བར་རྒྱ་ནག་གཞུང་དང་འབྲེལ་བ་ཐོག་མ་འགོ་འཛུགས་སྟངས་དང། དེ་རྗེས་ཕྱི་ལོ་༡༩༨༥ནས་༡༩༩༣བར་གྱི་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དང། ཕྱི་ལོ་༡༩༩༣ལོར་རྒྱ་གཞུང་གིས་འབྲེལ་བ་བཅད་ཚུལ་དང། ཕྱི་ལོ་༢༠༠༢ལོར་སླར་ཡང་རྒྱ་ནག་གཞུང་དང་འབྲེལ་བ་སླར་གསོ་བྱུང་ཚུལ། འབྲེལ་མོལ་སླར་གསོ་བྱུང་རྗེས་རྒྱ་ནག་གཞུང་གིས་བཏོན་པའི་གནད་དོན་གལ་ཆེ་རིགས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྐོར། བོད་ཀྱི་གནད་དོན་སེལ་མ་ཐུབ་ཚེ་སྤྱི་ཡོངས་ཀྱི་རྗེས་འབྲས་ཇི་བྱུང་སྐོར་དང། བོད་རྒྱ་འབྲེལ་མོལ་སྐབས་ཕྱོགས་གཉིས་ལ་འཕྲད་བཞིན་པའི་དཀའ་ངལ། བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དེར་ཕྱོགས་གཉིས་ཀས་གོམ་པ་མདུན་སྤོས་ཇི་འདྲ་དགོས་མིན་སོགས་ཀྱི་གནད་དོན་རྣམས་ཞི་ཕྲ་གསལ་བཤད་གནང་ཡོད་འདུག།

མཐའ་སྡོམས་སུ་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་ རྒྱ་ནག་གི་དབུ་འཁྲིད་རྣམས་ནས་བོད་དོན་མདུན་བསྐྱོད་བྱ་རྒྱུར་མོས་མཐུན་བྱུང་ཚེ་ བོད་ཀྱི་ལོ་རྒྱུས་བསྐྱར་བྲིས་མི་དགོས་པའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་གཉིས་མོས་ཀྱི་ཐབས་ལམ་ཞིག་ངེས་པར་འཚོལ་མི་ཐུབ་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད་ཅེས་དང་ ལོ་རྒྱུས་ཀྱི་རྙོག་རྫིངས་ནང་སླར་ཡང་འཛུལ་ཚེ་དེས་རྒྱ་ནག་གཞུང་ལ་བོད་ཀྱི་བདག་དབང་གི་གནད་དོན་ཙམ་མིན་པར་ རྒྱ་ནག་དབང་འཛིན་བྱ་མཁན་གྱི་གོང་མ་རིམ་བྱོན་གྱི་ལོ་རྒྱུས་ནས་བཞག་པའི་གནད་དོན་རྙིང་པ་དང་གསར་པ་མང་དག་ཞིག་ལ་དོན་མེད་གདོང་ལེན་གནང་དགོས་པ་ཆགས་རྒྱུ་རེད་ཅེས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org