སླར་ཡང་དཀར་མཛེས་སུ་རང་ལུས་མེར་བསྲེགས་ནས་ངོ་རྒོལ།
སླར་ཡང་བོད་ནང་གི་དགེ་འདུན་པ་ཞིག་གིས་དེ་རིང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག
-
2011-10-25 -
-
-
༄༅༎སླར་ཡང་བོད་ནང་གི་དགེ་འདུན་པ་ཞིག་གིས་དེ་རིང་ཕྱི་ཟླ་ ༡༠་ཚེས་ ༢༥ གཟའ་མིག་དམར་ཉིན་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག
དེ་ཡང་གནས་ཚུལ་ཐོན་པར་གཞིགས་ན་ ཕྱི་ཟླ་ ༡༠་ཚེས་ ༢༥ ཉིན་ཁམས་དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་ཐོག་ས་སྣུམ་བཤོས་ནས་མེ་སྤར་ཞིང་ ལུས་ཐོག་མེ་འབར་བཞིན་དུ་ཁོང་གིས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་སོགས་ཀྱི་འབོད་སྒྲ་བསྒྲགས་ཡོད་པའི་སྐོར། བོད་མི་དམངས་སྤྱི་འཐུས་ཟུར་པ་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་འདུག།
དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་པར་གཞིགས་ན། དཀར་མཛེས་དགོན་པའི་ནང་དེང་སྐབས་དུས་གཏོར་ཚོགས་བཞིན་ཡོད་པ་དང་། དུས་གཏོར་འཁྱམས་རྭའི་ནང་དགེ་འདུན་པ་དང་དད་ལྡན་ཡུལ་མི་མང་པོ་ཞིག་འཛོམས་པའི་སྐབས་དེར། དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་ལ་མེ་སྦར་ཏེ་ངོ་རྒོལ་གནང་ཡོད་འདུག།
ད་ལྟ་འདིའི་སྐོར་གནས་ཚུལ་མང་དག་ཅིག་ཐོན་བཞིན་ཡོད་འདུག་ཀྱང་རང་ལུས་མེར་བསྲེགས་བཏང་མཁན་ཟླ་བ་ཚེ་རིང་ལགས་དགུང་ལོ་ག་ཚོད་ཡིན་མིན་དང་། མེར་བསྲེགས་བཏང་པའི་དུས་ཚོད་ག་དུས་ཡིན་མིན། ལྷག་པར་དུ་ཁོང་འཆི་སོན་ཇི་ཆགས་སྐོར་སོགས་ཞིབ་ཕྲའི་གནས་ཚུལ་ད་ལྟ་ཧ་ལས་པའི་གསལ་ཁ་མེད་པ་རེད།
གནས་ཚུལ་འབྱུང་ཁུངས་གཞན་གཅིག་གིས་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་དགུང་ལོ་གསུམ་བཅུ་ཡས་མས་ཡིན་པ་བརྗོད་ཡོད་པ་དང་། ཁོང་གི་སྐུ་ལུས་ལ་མེ་ཤུགས་ཆེ་འབར་ཏེ་ས་ལ་འགྱེལ་འདུག་ཅིང་། དེར་ཡོད་དགེ་འདུན་པ་དང་ཡུལ་མི་ཚོས་ཁོང་སྐྱོབ་ཐབས་བྱས་ཅིང་ ལུས་པོའི་སྟེང་འབར་བཞིན་པའི་མེ་བསད་རྗེས་སྨན་ཁང་ཞིག་ཏུ་འོར་འདྲེན་བྱས་ཡོད་པའི་གནས་ཚུལ་བྱུང་འདུག།
སྐུ་ཞབས་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་འདི་ནི། འདི་ལོའི་ནང་ཁམས་དཀར་མཛེས་ས་ཁུལ་ནས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་གྱི་དགེ་འདུན་པ་གཉིས་པ་དེ་ཡིན་པ་དང་། འདིའི་གོང་ཁམས་ཏའུ་ཉི་མཚོ་ག་ཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ཟླ་བརྒྱད་པའི་ཚེས་ ༡༥ ཉིན་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད།།