རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པའི་ཁྲོད་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བཞིན་འདུག

རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པའི་ཁྲོད་རྣམ་པ་འདྲ་མིན་ཐོག་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བཞིན་འདུག

མཁན་པ་ལུགས་དགོན་པའི་དགེ་འདུན་པ་ཚོར་ཆབ་སྲིད་སློབ་གསོ། ༼ཟླ་ཚེས་མི་གསལ མཐུན་འགྱུར་པར་རིས།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པའི་ཁྲོད་རྣམ་པ་འདྲ་མིན་ཐོག་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བཞིན་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཆ་བགོས་བྱས་བའི་ཁམས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་ནང་ཡོད་པའི་མཁན་པ་ལུགས་དགོན་པའི་ནང་དུ། ས་གནས་རྒྱ་ནག་གི་ལས་བྱེད་ཚོས་ཆབ་སྲིད་དྲིལ་སྒྲོག་གི་ལས་དོན་སྤེལ་བཞིན་པའི་འདྲ་པར་ཞིག་ཕྱི་ལ་ཐོན་པའི་ནང་། ༼ཚད་གཞི་བཞི་༽བརྩི་སྲུང་ལག་བསྟར་དང་༼ཁ་སྣོན་མི་བྱེད་པ་གསུམ༽དམ་སྲུང་ནན་མོ་བྱེད་རྒྱུ་བཀོད་འདུག
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དེང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ཆོས་ལུགས་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་མངའ་འོག་གི་དགོན་སྡེ་སོ་སོར་བརྡ་ཐོ་བཏང་ནས་གོང་བརྗོད་ནང་དོན་ཐད་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ནང་བཀོད་པའི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ནང་དོན་ཁག་ད་ལྟ་དངོས་སུ་ལག་ལེན་གྱི་འགོ་བཙུགས་པ་ཡིན་པ་དང་། ལྷག་པར་དུ་ཁ་སྣོན་མི་བྱེད་པ་གསུམ་ཟེར་བའི་ནང་ཚན་བོད་ཀྱི་དགེ་འདུན་པའི་གྲངས་ཀ་ཁ་སྣོན་བྱེད་མི་ཆོག་པ་དེ་ནི་ཆེས་ཉེན་ཁ་ཅན་གྱི་སྲིད་ཇུས་ཤིག་ཡིན་པ་ད་ལྟ་ཨོ་གླིང་ནང་ཡོད་པའི་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་ངོས་འཛིན་གནང་གི་འདུག
རྒྱ་ནག་དམར་ཤོག་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ནང་དུ། བོད ཀྱི་རིག་གནས་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་ཇུས་འོག་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཐད་ཁ་སྣོན་མི་བྱེད་པ་གསུམ་ལག་བསྟར་བྱེད་འགོ་ཚུགས་པ་དང་། ཁ་སྣོན་མི་བྱེད་པ་གསུམ་ནི། དགོན་པའི་གྲངས་འབོར་ཁ་སྣོན་མི་བྱེད་པ་དང་། གྲྭ་བཙུན་གྱི་གྲངས་འབོར་ཁ་སྣོན་མི་བྱེད་པ། ཆོས་ལུགས་བྱེད་སྒོ་དང་དུས་ཆེན་ཁག་ཁ་སྣོན་མི་བྱེད་པ་བཅས་སོགས་ལ་བརྗོད་ཀྱི་ཡོད་འདུག
དེ་བཞིན་བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་ཆབ་སྲིད་དྲིལ་སྒྲོག་ལས་དོན་སྤེལ་བ་དེ། བོད་རང་སྐྱོང་ལྗོངས་གཅིག་པོ་མ་ཡིན་པར་མཚོ་སྔོན་སི་ཁྲོན་ཀན་སུའུ་སོགས་བོད་ཀྱི་དགོན་སྡེ་ཁག་ཏུའང་ཆབ་སྲིད་དྲིལ་སྒྲོག་བྱེད་བཞིན་པ་མ་ཟད། ནང་དོན་ལའང་དུས་སྐབས་རེ་རེ་བཞིན་མིང་འདོགས་སྟངས་མི་འདྲ་བ་ཡོད་ཅིང་། རྒྱ་ནག་གིས་གཞི་རིམ་དགོན་སྡེ་ཁག་ནས་བཟུང་བོད་ཀྱི་ནང་བསྟན་སློབ་གླིང་ཁག་ཏུ་ཁྱོན་ཡོངས་ནས་དམར་ཕྱོགས་ཀྱི་ལྟ་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་སློབ་གསོ་ཟེར་བ་འཆར་གཞི་ལྡན་པའི་ཐོག་དྲིལ་སྒྲོག་བྱེད་པ་སོགས་གསུང་སོང་།
གཞན་ཡང་དེ་སྔོན་༢༠༡༤ལོའི་ཟླ་༢་པར་སྨར་ཁམས་རྫོང་ཁོངས་སུ་ཡོད་པའི་མཁན་པ་ལུགས་དགོན་པའི་དགེ་འདུན་པ་༢༠་ཙམ་གྱིས་༧གོང་ས་མཆོག་གི་སྐུ་པར་སྐད་འཕྲིན་སོགས་སུ་བརྒྱུད་སྤེལ་བྱས་བ་སོགས་ཀྱི་དོགས་གཞིའི་འོག་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་འཛིན་བཟུང་བྱས་ནས། ཉིན་གྲངས་བདུན་ཙམ་རིང་བཀག་ཉར་འདྲི་རྩད་བྱས་རྗེས་གློད་གྲོལ་བཏང་བའི་གནས་ཚུལ་ཡང་བྱུང་མྱོང་ཡོད་འདུག
མཁན་པ་ལུགས་དགོན་པ་ནི་ཁམས་ཆབ་མདོ་སྨར་ཁམས་རྫོང་ཀ་ཐོག་གྲོང་བརྡལ་གྱི་ཁོངས་ཡིན་ཞིང་། གྲོང་བརྡལ་དེར་མི་འབོར་ཆིག་ཁྲི་དྲུག་སྟོང་ལྷག་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org