བོད་དོན་ཐོག་ཞབས་འདེགས་ཞུ་རྒྱུའི་གོ་སྐབས།
འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་པ་དེ་ནི་བོད་དོན་ཐོག་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཤིག་བྱུང་བར་ངོས་འཛིན་གནང་གི་ཡོད་ལུགས།
-
2011-06-07 -
-
-
༄༅༎༢༠༡༡ ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་མཁན་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས་ད་རེས་ཁོང་ལ་མཛངས་མའི་རྒྱལ་ཁ་ཐོབ་པ་དེ་ནི་བོད་དོན་ཐོག་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཤིག་བྱུང་བར་ངོས་འཛིན་གནང་གི་ཡོད་ཅེས་གསུང་ཡོད་པ་རེད།
དེ་རིང་རྒྱ་གར་གི་གསར་ཤོག་The Times of India ཞེས་པས་གནས་ཚུལ་སྤེལ་བའི་ནང༌། ལོ་ན་༡༧ ཡིན་པའི་༢༠༡༡ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱི་སྐྱེས་མ་བསྟན་འཛིན་བདེ་སྐྱིད་ལགས་དང་ཁོང་གི་གཅེན་མོ་སྐལ་བཟང་སྒྲོལ་མ་ལགས་བཅས་ནང་མི་ཚོས་བཞུགས་སྒར་རྡ་རམ་ས་ལའི་ཟ་ཁང་ཞིག་ནང་བསྟན་འཛིན་དབྱངས་སྐྱིད་ལགས་སུ་འདི་ལོའི་མཛངས་མའི་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་བྱས་ཡོད་པ་དང༌། བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས་འདས་པའི་ལོ་གཉིས་རིང་ལས་ཀ་བྱས་ཏེ་དེའི་དངུལ་གྱིས་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་རྒྱུར་འགྲོ་གྲོན་བཏང་བ་བཞིན་ཁོང་གི་དམིགས་ཡུལ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད། བསྟན་འཛིན་དབྱངས་སྐྱིད་ལགས་ནི། སུད་སི་ནང་འཚར་ལོངས་བྱུང་ཞིང༌། གྲོང་ཁྱེར་ཛུའུ་རིཀ་ནང་འཛིན་རིམ་༡༡ བར་སློབ་སྦྱོང་གནང་ཡོད་པ་དང༌། ཁོང་གིས་གསར་འགོད་པར། རང་ཉིད་ལ་རྒྱལ་ཁབ་མེད་པར་བཙན་བྱོལ་ནང་མི་ཚེ་བསྐྱལ་རྒྱུ་དེ་ཧ་ཅང་གི་སེམས་སྡུག་གི་ཚོར་བ་ཞིག་ཡོང་གི་ཡོད་དུས་ངས་བོད་ཀྱི་མཛངས་མའི་སྡིངས་་ཆ་དེའི་ཐོག་ནས་བོད་དོན་ཐོག་ཞབས་འདེགས་ཤིག་ཞུ་རྒྱུའི་སེམས་ཤུགས་ཡོད་ཅེས་དང༌། ལྷག་པར་དུ་ཁོང་ད་རེས་རྒྱ་གར་དུ་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་པར་སུད་སི་ནས་ཡོང་དགོས་དོན་ཡང། བོད་རྒྱལ་ཁབ་ཀྱི་དར་ཆ་དེའི་འོག་བོད་ཀྱི་ན་གཞོན་ཚོར་མཛངས་མའི་འགྲན་བསྡུར་ལྟ་བུའི་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱེད་རྒྱུ་མིག་དཔེ་སྟོན་ཆེད་ཀུན་སློང་འཁྱེར་ཏེ་ཡོང་བ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད། ད་དུང་ཁོང་གིས། རང་ཉིད་བོད་མི་ཞིག་ཡིན་པ་སྤོབས་པ་ཆེན་པོ་ཡོད་ལ། བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་པའི་རྗེས། ཁོང་རང་ཉིད་ནས་བོད་དོན་འཐབ་རྩོད་ལ་ཞབས་འདེགས་ཞུ་རྒྱུ་མཇུག་སྒྲིལ་བ་ཞིག་མ་ཡིན་པར་། སྡིས་ང་ཆ་དེའི་ཐོག་ནས་བོད་དོན་འཐབ་རྩོད་ལ་ཞབས་འདེགས་་ཞུ་རྒྱུའི་ལས་དོན་འགོ་བཙུགས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད།