རང་དབང་སྒེར་ལངས་ཀྱི་ཉིན་མོ་སླེབས་ལ་ཉེ་བས་བོད་མི་ཚོར་འཇིགས་སྐུལ་བྱེད་ཀྱི་འདུག
བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་དམག་སྦྱོང་སོགས་ཀྱི་ལམ་ནས་བོད་མི་ཚོར་འཇིགས་སྐུལ་བྱེད་ཀྱི་འདུག་ཟེར།
-
2018-03-06 -
-
-
བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་དམག་སྦྱོང་སོགས་ཀྱི་ལམ་ནས་བོད་མི་ཚོར་འཇིགས་སྐུལ་བྱེད་ཀྱི་འདུག་ཟེར།
ཕྱི་ཟླ་གསུམ་པའི་ཚེས་༡༠གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱེད་པ་སོགས་ཀྱི་ཐོག་ནས་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་འདོན་སྤེལ་བྱས་པའི་ནང་བཀོད་འདུག
དེ་ཡང་ཕྱི་ཚེས་༥ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་། ཉིས་སྟོང་བཅོ་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༢ཉིན་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ལྕགས་ཀྱི་གྱང་ཞེས་འབོད་པའི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱས་ནས། རྒྱ་ནག་གཞུང་གིས་བརྗོད་པའི་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་པ་རེད། དམག་དོན་སྦྱོང་བརྡར་དེའི་ནང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་འཐབ་གྲ་སྒྲིག་དམག་དཔུང་མཉམ་ཞུགས་བྱས་ཡོད་པ་དང་། གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་དེའི་ཐོག་ནས་བོད་དེ་བཞིན་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་དམག་དོན་རྟེན་གཞི་ཞིག་དང་ཆབ་སྲིད་བརྟན་ལྷིང་གི་གལ་ཆེའི་རང་བཞིན་ཞིག་མཚོན་ཐུབ་ཀྱི་ཡོད་ཅིང་། དེ་ལྟར་གྱི་ཐལ་བསྐྱོད་ཀྱི་གནས་སྟངས་འོག་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་དེ་རིགས་རྩ་བའི་ཆ་ནས་ལོ་ལྟར་ཕྱི་ཟླ་གསུམ་པའི་ནང་སྤེལ་གྱི་ཡོད་པ་དེས་རྒྱ་ནག་གཞུང་གིས་བོད་ནང་བརྟན་ལྷིང་མེད་པའམ་གནས་སྟངས་ལ་སེམས་འཚབ་ཡོད་པ་ཞིག་ཡང་མཚོན་གྱི་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་སྙན་ཐོ་དེའི་ནང་བཀོད་འདུག ད་རེས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་སྤེལ་བའི་དམག་དོན་སྦྱོང་བརྡར་དེའི་སྐབས་བོད་ཤར་ཕྱོགས་མདོ་སྨད་སྐུ་འབུམ་དགོན་དུ་ལོ་རེའི་བཅོ་ལྔ་མཆོད་པའི་སྐབས་མི་མང་མཆོད་མཇལ་དུ་ཕེབས་མཁན་ཚོར་རྒྱ་ནག་གཞུང་གིས་དྲག་ཆས་དམག་མི་འགྲེམས་འཇོག་བྱས་ནས་དམ་དྲག་ཤུགས་ཆེ་བྱས་ནས་དེའི་ཁུལ་དུ་དམག་དོན་རྟེན་གཞི་ལྟ་བུའི་མཐོང་སྣང་བྱུང་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཐོག་ད་རེས་ཀྱི་དམག་དོན་སྦྱོང་རྡར་དེ་ནི་གཞུང་ཕྱོགས་ནས་སྤྱི་ཚོགས་བརྟན་ལྷིང་བཟོ་རྒྱུའི་ཆོད་སེམས་མཚོན་པ་ཞིག་ཡིན་ལུགས་གནས་ཚུལ་སྤེལ་ཡོད་པ་དང་། དེའི་ཐོག་ནས་རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་བསམ་ཚུལ་མི་མཐུན་མཁན་ཚོར་རྡུང་རྡེག་དང་། རྒྱ་ནག་གུང་ཁྲན་གཞུང་ལ་བརྩི་བཀུར་ཞུ་བཅུག་ནས་རྒྱ་ནག་གཞུང་གིས་བོད་ས་མཐོར་དཔལ་འབྱོར་དང་འཐབ་བྱུས་སོགས་ཀྱི་དམིགས་ཡུལ་སྒྲུབ་བཞིན་ཡོད་པ་སོགས་མདོ་དོན་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་སྙན་ཐོ་དེའི་ནང་བཀོད་འདུག
གསར་འགོད་པ་འཆི་མེད།