ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དབྱིན་ཇིའི་སྲིད་བློན་དང་མཉམ་རྒྱ་ནག་ལ་གདོང་ལེན་གནང་ཕྱོགས་གོ་བསྡུར།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་དབྱིན་ཇིའི་སྲིད་བློན་དང་མཇལ་འཕྲད་ཀྱིས་རྒྱ་ནག་ལ་མཉམ་རུབ་གདོང་ལེན་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་དང་དབྱིན་ཇིའི་སྲིད་བློན་རྣམ་གཉིས། ༢༠༢༠།༧།༢༡ AP

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་དབྱིན་ཇིའི་སྲིད་བློན་དང་མཇལ་འཕྲད་ཀྱིས་རྒྱ་ནག་ལ་མཉམ་རུབ་གདོང་ལེན་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག
དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་ཧཱ་ཝེ་(Huawei)་འཕྲུལ་ལས་ཁང་བཀག་སྡོམ་བྱས་བའི་རྗེས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་ཀྱིས་དབྱིན་ཇིའི་སྲིད་བློན་སྐུ་ཞབས་(Boris Johnson)་ལགས་དང་མཇལ་འཕྲད་ཀྱིས་རྒྱ་ནག་ལ་གདོང་ལེན་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་བྱས་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནས་རོའི་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་གཅིག་གི་གོང་དབྱིན་ཇིའི་གཞུང་གིས་ཐོན་གསར་དྲ་རྒྱ་ཐོན་རིམ་ལྔ་བ་(5G network)་ཞེས་པར་རྒྱ་ནག་གི་ཧཱ་ཝེ་ཁེ་གཉེར་འཕྲུལ་ལས་ཁང་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་གནང་རྒྱུའི་གསལ་བསྒྲགས་གནང་བའི་རྗེས། འདི་ཚེས་༢༡་རེས་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས་དབྱིན་ཇིའི་སྲིད་བློན་སྐུ་ཞབས་(Boris Johnson)་ལགས་དང་མཇལ་འཕྲད་ཀྱིས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་སྟོབས་ཤུགས་ལ་གདོང་ལེན་གནང་ཕྱོགས་སྐོར་བཀའ་བསྡུར་གནང་གཏན་འཁེལ་ཡོད་འདུག
ཨ་མི་རི་ཀའི་སྲིད་འཛིན་(Trump)་ལགས་ཀྱིས་དུས་རབས་༢༡་པའི་གནས་བབ་ཀྱི་ཁ་གཏད་གཙོ་བོ་རྒྱ་ནག་ཡིན་སྐོར་གསུངས་བའི་ཤུགས་རྐྱེན་འོག དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་གདོང་ལེན་གནང་ཡོད་ལུགས་འགྲེལ་བརྗོད་དང་སྦྲགས། སྲིད་བློན་(Boris Johnson)་ལགས་ཀྱིས་རྒྱ་ནག་གི་ཧཱ་ཝེ་འཕྲུལ་ལས་ཁེ་གཉེར་ལས་ཁང་ཐོག་དམ་དྲག་གནང་བ་དེར་བསྔགས་བརྗོད་གནང་འདུག
དབྱིན་ཇིའི་གཞུང་གིས་རྒྱ་ནག་ནས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དང་། ཧོང་ཀོང་གི་གནད་དོན་ཐོག་ལངས་ཕྱོགས་མཁྲེགས་འཛིན་གནང་བཞིན་པའི་སྐབས་སུ། ཨ་རིའི་ཕྱི་
སྲིད་དྲུང་ཆེ་མཆོག་དབྱིན་ཡུལ་དུ་ཕེབས་ནས་སྲིད་བློན་(Boris Johnson)་ལགས་དང་མཇལ་འཕྲད་ཀྱིས་དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་ནས་ཕྱིར་འཐེན་གནང་རྗེས། ཨ་མི་རི་དང་དབྱིན་ཡུལ་དབར་ཚོང་འབྲེལ་གྱི་སྒོ་མོ་རྒྱ་བསྐྱེད་གཏོང་རྒྱུའི་ཐུགས་རེ་གནང་གི་ཡོད་ལུགས་ཆབ་སྲིད་མི་སྣས་འགྲེལ་བརྗོད་གནང་གི་ཡོད་འདུག
ཨ་སྒོར་ཁྲག་ཁྲིག་ཆེ་མོ་༡༥་ཅན་གྱི་རྒྱ་ནག་གི་དཔལ་འབྱོར་ནི་དབྱིན་ཇིའི་དཔལ་འབྱོར་ལས་མཐོ་བ་ཡིན་པར་བརྟེན་རྒྱ་ནག་གིས་དབྱིན་ཡུལ་ལ་གནོན་ཤུགས་སྤྲོད་མུས་ཡིན་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ད་དུང་ཉེ་ལམ་དབྱིན་ཡུལ་དུ་འབྱོར་བའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ནཱ་ཐན་ལོའོ་(Nathan Law)་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
གཞན་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གཏན་འབེབས་བྱས་པའི་རྗེས། འདི་ཚེས་༢༠་ཉིན་མི་མང་བཅུ་ཕྲག་གཅིག་ལྷག་གིས་ཧོང་ཀོང་གི་ཁྲོམ་ར་ཆེན་པོ་ཞིག་གི་ནང་། ཧོང་ཀོང་བཅིངས་གྲོལ་གཏོང་དགོས་ང་ཚོས་ངོ་རྒོལ་གྱེན་ལངས་བྱ་རྒྱུའི་དུས་ལ་བབས་ཡོད་ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་བྱས་འདུག


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org