རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་ཞུས་སོང་།

དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་དང་བསྟུན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་གི་ཡིག་རྒྱུགས་གྲུབ་འབྲས་རྩེ་སོན་སློབ་མ་ཚོར་ཆེ་བསྟོད་བྱ་དགའ་ཕུལ་སོང་།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་ཞུས་སྐབས། ༠༩།།༡༨།༢༠༢༤ བསྟན་འཛིན་དོན་ཡོད། /RFA Dhasa

དེ་ཡང་ཟླ་བ་༩ པའི་ཚེས་༡༨ ཉིན་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་ཞུས་སོང་ལ། མཛད་སྒོའི་ཐོག་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས། ང་ཚོས་བསམ་བློ་ཞིབ་མོ་བཏང་ཚེ་དབུ་མའི་ལམ་ལ་གྲུབ་འབྲས་གང་ལེགས་ཐོན་ཡོད་ཅིང་། དེ་ཡང་གཙོ་བོ་ད་ལྟའི་ཆར་བོད་ནང་དུ་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་སྲིད་བྱུས་ལ་གཞིགས་ན་གསལ་པོར་རྟོགས་ཐུབ་པ་ཡིན་ཞེས་གསུངས་སོང་།
གཞན་མཛད་སྒོའི་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་ཀྱིས་དབུ་མའི་ལམ་གྱི་བྱུང་རིམ་དང་གལ་གནད་སོགས་འགྲེལ་བརྗོད་ཀྱིས། དབུ་མའི་ལམ་ནི་༧གོང་ས་མཆོག་གིས་བོད་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་དགོངས་གཞི་གཞིར་བཟུང་ལམ་སྟོན་གནང་བ་ཞིག་ཡིན་པ་ཙམ་ཞིག་མ་ཡིན་པར། མང་གཙོའི་འགྲོ་ལུགས་ལྟར་བོད་མི་རྣམས་ནས་རྒྱབ་སྐྱོར་དང་གཏན་འབེབས་གནང་བ་ཞིག་ཡིན་པ་གསུངས་སོང་།
ད་དུང་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཆེད་ཕེབས་ཀྱིས། བོད་མི་ཡོངས་ཀྱིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བོད་སྤྱི་ལ་ཕན་པའི་ཕྱག་ལས་གནང་རྒྱུར་རིག་པ་སྒྲིམ་དགོས་པ་གསུངས་སོང་།
ཐེངས་འདིར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་བོད་སྐད་ཡིག་ཐོག་བརྒྱ་ཆ་རྩེ་སོན་སློབ་ཕྲུག་༡༤ལ་ཆེ་བསྟོད་བྱ་དགའ་དང་གསོལ་རས་བསྩལ་ཡོད་པ་རེད།


གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org