བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་༤༨འཁོར་བ།

བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་གཞུང་སྨན་རྩིས་ཁང་གསར་འཛུགས་གནང་སྟེ་མི་ལོ་༤༨འཁོར་བའི་དྲན་གསོའི་མཛད་སྒོ་ཚོགས་ཡོད་པ།

༄༅༎ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་གསུམ་ཉིན་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་གཞུང་སྨན་རྩིས་ཁང་གསར་འཛུགས་གནང་སྟེ་མི་ལོ་༤༨འཁོར་བའི་དྲན་གསོའི་མཛད་སྒོ་ཚོགས་ཡོད་པ་རེད།

དེ་སྔ་ཕྱི་ལོ་༡༩༥༩ལོར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་པའི་རྗེས་བཙན་བྱོལ་ནང་དུ་བོད་ཀྱི་ཐོུང་མ་ཡིན་པའི་ཤེས་ཡོན་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱི་རླབས་ཆེན་གྱི་དགོངས་གཞིའི་འོག་ཕྱི་ལོ་༡༩༦༡ལོའི་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གསུམ་ཉིན་རྡ་རམ་ས་ལ་མེག་ལོར་གན་ཇིར་སྨན་རྩིས་ཁང་ཐོག་མར་གཞི་ཁྱོན་ཆུང་ཆུང་ཞིག་གསར་འཛུགས་གནང་སྟེ་ད་བར་བོད་གཞུང་སྨན་རྩིས་ཁང་གཞི་རྒྱ་ཆེ་རུ་ཕྱིན་པ་མ་ཟད་སྨན་རྩིས་གཉིས་ཐར་སོན་པའི་རྒྱུན་འཛིན་པ་མང་པོ་ཞིག་གསོ་སྐྱོང་བྱ་ཐུབ་པ་བྱུང་ཡོད་ཅིང་རེས་གཟའ་ཟླ་བའི་ཉིན་བོད་གཞུང་སྨན་རྩིས་ཁང་གསར་འཛུགས་གནང་བའི་ལོ་འཁོར་དུས་དྲན་མཛད་སྒོའི་ཐོག་སྨན་རྩིས་ཁང་གི་འགན་འཛིན་སྨན་པ་ཟླ་བ་ལགས་ཀྱིས་མཛད་སྒོའི་ངོ་སྤྲོད་ཀྱི་གསུང་བཤད་ནང་བོད་གཞུང་སྨན་རྩིས་ཁང་གིས་ད་བར་བོད་ཀྱི་གསོ་རིག་དང་དཀར་ནག་རྩིས་རིག་གཉིས་ལག་ལེན་བྱས་པ་བརྒྱུད་མི་ཉམས་རྒྱུན་འཛིན་དང་འཕེལ་རྒྱས་ཆེན་པོ་ཕྱིན་པ་དེར་བསྔགས་བརྗོད་གནང་བ་མ་ཟད་བོད་གཞུང་སྨན་རྩིས་ཁང་གི་འཛིན་སྐྱོང་གི་ཐུགས་འགན་ནི་དེང་སྐབས་ཀྱི་འཕྲུལ་རིགས་ལག་རྩལ་གྱི་ཐོག་ནས་བོད་སྨན་དེ་བཞིན་བཟོ་སྐྲུན་རྒྱ་སྐྱེད་ཆེ་རུ་གཏང་རྒྱུ་དང་སྨན་གྱི་རྒྱུ་ཆ་སྟངས་འཛིན་དང་ཚད་ལྡན་ཡོང་རྒྱུར་དམིགས་བསལ་གྱི་ཐུགས་འགན་བཞེས་རྒྱུ་ཡིན་པ་དང་ད་ལྟ་བར་སྨན་རྩིས་ཁང་གིས་བོད་མིའི་གནས་སྡོད་གཞིས་ཆགས་ཁག་ནང་དུ་སྨན་རྩིས་ཀྱི་ཞབས་འདེབས་ཞུ་བཞིན་པའི་ཁར་བོད་མི་དང་ས་གནས་རྒྱ་གར་བ་ཉམས་ཐག་རིགས་ལ་སྨན་སྦྱིན་གནང་བཞིན་པ་དང་རྒྱ་གར་གྱི་ས་གནས་ཁག་ཏུ་སྨན་སྦྱིན་དུ་ཡང་ནས་ཡང་དུ་བསྐྱོད་བཞིན་པ་སོགས་ཀྱི་ལས་གཞི་ཡོད་པ།ལྷག་པར་དུ་བོད་ཀྱི་གསོ་རིག་སློབ་གཉེར་གནང་མཁན་གྱི་སློབ་ཕྲུག་ཚོས་ད་ལྟ་འཚོ་བཞུགས་ཡོད་པའི་སྨན་པ་ཉམས་མྱོང་ལྡན་པ་དང་དགེ་རྒན་བགྲེས་པ་ཚོའི་སྐུ་མདུན་ནས་སྨན་རྩིས་ཀྱི་ལག་ལེན་དང་རིག་པའི་གཞུང་ལུགས་ཀྱི་ཉམས་མྱོང་རྣམས་སློབ་གཉེར་ཧུར་ཐག་བྱ་དགོས་པའི་སྐོར་གསུངས་ཡོད་པ་རེད།

སྨན་རྩིས་ཁང་དུ་ད་ལྟའི་ཆར་ལས་བྱེད་པ་༣༧༦ཡོད་པ་དང་སྨན་པ་དང་དཀར་རྩིས་པ་རྣམས་ཡང་སེ་ཡོ་རོབ་དང་ཁེ་ན་ཌ།ཨ་མི་རི་ཀ།ར་ཤི་ཡ།ཉི་ཧོང།ཐའེ་ལེན་སོགས་ཕྱི་རྒྱལ་ཡུལ་གྲུ་མང་པོར་སྨན་བཅོས་དང་ཚོགས་འདུ།འགྲེམས་སྟོན།ལེགས་སྦྱར་སོགས་གནང་བར་ཕེབས་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org