བལ་ཡུལ་ནས་བོད་བར་གོམ་བགྲོད་བཀག་འགོག་བྱས་འདུག

བལ་པོའི་ཉེན་རྟོག་པས་བོད་མི་གོམ་བགྲོད་པ་རྣམས་བོད་ཀྱི་ས་མཚམས་ཕྱོགས་སུ་བསྐྱོད་རྒྱུ་བཀག་འགོག་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་རེད།

༄༅༎བར་ལམ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ཉེ་ཆར་བལ་ཡུལ་ནས་བོད་མི་ཁག་ཅིག་གིས་བོད་བར་གོམ་བགྲོད་ཀྱི་ལས་འགུལ་འགོ་བཙུགས་གནང་བ་ལྟར་དེ་རིང་གོམ་བགྲོད་ནང་ཕེབས་མཁན་གྱི་དགེ་འདུན་པ་དང་བཙུན་མ་རྣམས་བལ་པོའི་ཉེན་རྟོག་པས་བོད་ཀྱི་ས་མཚམས་ཕྱོགས་སུ་བསྐྱོད་རྒྱུ་བཀག་འགོག་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་རེད།

དེ་ཡང་བལ་ཡུལ་ནས་བོད་བར་གོམ་བགྲོད་གནང་མཁན་གྱི་བོད་མི་༤༢རྣམས་བོད་ཀྱི་མཚམས་སུ་འབྱོར་བར་ཐག་ཀི་ལོ་མི་ཊར་༡༡ སར་སླེབས་པའི་སྐབས་བལ་པོའི་ཉེན་རྟོག་པས་འགྲོ་ལམ་བཀག་ཏེ་ཁོང་རྣམས་བལ་ཡུལ་དུ་ཕྱིར་ལོག་བྱེད་དོགས་པ་དང་གལ་ཏེ་ཕྱིར་ལོག་བྱ་རྒྱུ་ངོས་ལེན་མ་བྱས་ཚེ་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་བའི་སྐོར་ཉེན་རྟོག་དཔོན་རིགས་ སྦི་རེན་རྡར་ཤ་ཧི་ ཞུ་བས་གསུང་ཡོད་པ་རེད།

ཨེ་པི་གསར་འགྱུར་ལས་ཁང་གི་བརྙན་འཕྲིན་པར་རྒྱབ་མཁན་ཞིག་གིས་ས་གནས་ནས་གནས་ཚུལ་ངོ་སྤྲོད་བྱས་པར། བལ་པོའི་ཉེན་རྟོག་པས་བོད་མི་གོམ་བགྲོད་གནང་མཁན་རྣམས་མོ་ཊ་ཆེ་བའི་ནང་བླུགས་ཏེ་ཉེ་འཁྲིས་ཀྱི་གྲོང་ཚོའི་ཕྱོགས་སུ་ཁྲིད་ཡོད་པ་དང་ ཕལ་ཆེར་ཁོང་རྣམས་དེ་རིང་ཕྱི་དྲོ་རྒྱལ་ས་ཀ་ཐ་མན་དྲུར་ཁྲིད་རྒྱུའི་རྣམ་པ་ཡོད་པའི་སྐོར་གསུང་ཡོད་པ་རེད། བོད་མི་གོམ་བགྲོད་གནང་མཁན་ཚོས་ཉིན་གྲངས་ལྔའི་རིང་བོད་བར་གོམ་བགྲོད་གནང་བ་དང་དེའི་རིང་ལ་ཉེན་རྟོག་པས་ཁོང་རྣམས་རྒྱལ་ས་ཀ་ཐ་མན་དྲུ་ནས་འགོ་བཙུགས་ཏེ་རྒྱ་ལམ་གྱི་ཟུར་ནས་གོམ་བགྲོད་བྱེད་དུ་མ་བཅུག་པར་རིི་ལམ་བརྒྱུད་དུ་གོམ་བགྲོད་བྱེད་དུ་བཅུག་པ་བརྟེན་དེ་རིང་ཁོང་རྣམས་བལ་པོའི་ཉེན་རྟོག་པས་འཛིན་བཟུང་མ་བྱས་གོང་ལ་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་རང་བཙན་དང་བོད་སྐྱོབ། འགྲོ་བ་མིའི་ཐོབ་ཐང་སླར་གསོ་བྱ་དགོས་ཞེས་པའི་རས་དར་འཁྱེར་ཏེ་རི་ལམ་གྲོལ་ཏེ་རྒྱ་ལམ་ཐོག་གོམ་བགྲོད་གནང་ཡོད་པ་རེད། གོམ་བགྲོད་ལས་འགུལ་དེའི་འབྲེལ་མཐུད་གནང་མཁན་བཀྲིས་རྡོ་རྗེ་ལགས་ཀྱིས་གསུང་ན། གོམ་བགྲོད་རྣམས་ཀྱི་རེ་འདུན་ནི་བོད་རང་བཙན་དང་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་དམར་གསོད་གཏོང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་ཆེད་དུ་ཡིན་པ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org