བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ཟིན་བྲིས་འགོད་རྒྱུ་གལ་ཆེ།

བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ཟིན་བྲིས་འགོད་རྒྱུ་ནི་ཀོང་རེསི་སྲིད་དོན་ཚོགས་པའི་འགན་ཁུར་ཞིག་ཡིན་པར་སྲིད་བློན་ཟུར་པས་གསུངས་བ།

༄༅༎བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ཟིན་བྲིས་འགོད་རྒྱུ་ནི་ཀོང་རེསི་སྲིད་དོན་ཚོགས་པའི་འགན་ཁུར་གཙོ་བོ་ཞིག་ཡིན་པར་སྲིད་བློན་ཟུར་པ་གིར་ཇ་པར་སའརྡེ་ཀོའེ་རེ་ལ་ཡིས་གསུངས་གནང་འདུག

མའོའི་དམར་ཤོག་ཚོགས་པའི་དབུ་ཁྲིད་པའི་སྲིད་གཞུང་གིས་རྩ་ཁྲིམས་གསར་བཟོའི་བྱ་རིམ་མངོན་ཆུང་དུ་གཏོང་གི་ཡོད་ལུགས་ཀོའེ་རེ་ལ་ཡིས་སྐྱོན་བརྗོད་གནང་བ་དང་ཡུལ་ནང་ཞི་བདེ་བརྟན་ལྷིང་འབྱུང་ཐབས་སུ་རྩ་ཁྲིམས་གཏན་འབེབས་དགོས་གལ་ཆེ་བ་ཡིན་ཞིང་ཡུལ་ནང་ཞི་བདེ་བརྟན་ལྷིང་ཡོད་ན་འཛུགས་སྐྲུན་ཡར་རྒྱས་གཏང་ཐུབ་ངེས་ཡིན་པར་ཁོང་གིས་མུ་མཐུད་གསུངས་གནང་འདུག

དེང་བལ་ཡུལ་གྱི་ཀོང་རེ་སི་སྲིད་དོན་ཚོགས་པས་ཟླ་བ་གཉིས་རིང་སྲིད་དོན་དྲིལ་བསྒྲགས་ལས་འགུལ་རྒྱ་ཆེ་སྤེལ་མུས་ཡིན་པ་རེད། འབྱུར་འགྱུར་བལ་ཡུལ་གྱི་སྲིད་གཞུང་ལམ་ལུགས་ཐད་སྤྱི་མཐུན་སྲིད་གཞུང་ལམ་ལུགས་རན་འཚམས་ཡོད་ཀྱང་རྒྱལ་ཁབ་གཞན་ལྷོ་ཨཕ་རི་ཀ་དང་སུད་སི་ལྟ་བུའི་ནང་ལག་བསྟར་བྱེད་བཞིན་པའི་སྤྱི་མཐུན་སྲིད་གཞུང་ལམ་ལུགས་ལེབ་བཤུས་བྱས་པ་མིན་པར་བལ་ཡུལ་མི་མང་གི་སེམས་ཚོར་མཚོན་ཐུབ་པ་དང་བལ་ཡུལ་རང་གི་ཡུལ་གྱི་ས་བབས་གནས་སྟངས་དང་འཚམས་པའི་སྤྱི་མཐུན་སྲིད་གཞུང་གི་ལམ་ལུགས་གསར་གཏོད་བྱ་གལ་ཆེ་ལུགས་ཀོའེ་རེ་ལ་ཡིས་གསུངས་གནང་འདུག ལྷག་པར་དུ་བལ་ཡུལ་གྱི་ད་ཡོས་སྲིད་བློན་པུཤ་པ་ཀ་མལ་རྡ་ཧལ་གྱིས་བལ་ཡུལ་གྱི་གྲོས་ཚོགས་ལམ་ལུགས་ལ་སྐྱོན་བརྗོད་བྱེད་བཞིན་པ་ནི་ཁོང་རང་ཉིད་སྲིད་བློན་དུ་གྲོས་ཚོགས་ལམ་ལུགས་བརྒྱུད་ནས་བསྐོ་འདེམས་བྱུང་བ་ཡིན་སྟབས་ལམ་ལུགས་དེར་སྐྱོན་བརྗོད་བྱེད་པ་ཤིན་ཏུ་མི་འོས་པ་ཡིན་པར་ཀོའེ་རེ་ལ་ཡིས་གསུངས་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org