བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཐད་ཞིབ་འཇུག
བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་སྐོར་ཉེ་དུས་ཞིབ་འཇུག་གནང་བའི་སྙན་ཐོ་དེ་བོད་ཡིག་ཏུ་སྒྱུར་སྟེ་འགྲེམས་སྤེལ་གནང་བཞག
-
2011-09-02 -
-
-
༄༅༎བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་སྐོར་ཉེ་དུས་ཞིབ་འཇུག་གནང་བའི་དབྱིན་སྐད་ཐོག་གི་སྙན་ཐོ་། བོད་སྒྱུར་གནང་བ་དེ། དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་འགྲེམས་སྤེལ་གནང་བཞག།
གོང་ཞུས་སྙན་ཐོ་དེའི་ནང་བོད་མཐོ་སྒང་དེ་བཞིན་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀར་ཕན་ཐོགས་ཡོད་པའི་རྒྱལ་སྤྱིའི་གནམ་རིག་བརྟག་ཞིབ་གནང་སའི་ལྟེ་གནས་ཤིག་ལ་ངེས་པར་བསྒྱུར་དགོས་པའི་རེ་བསྐུལ་གནང་འདུག། དབྱིན་ཇིའི་ཐོག་བཏོན་གནང་བའི་ཐོག་མའི་སྙན་ཐོ་དེ་བཞིན་ ཌེན་མརཀ་གྱི་རྒྱལ་ས་ ཀོ་པེན་ ཧེ་གེན་དུ་ལྷན་ཚོགས་ཐེངས་༡༥པའི་ཐོག་འདོན་སྤེལ་གནང་བ་ཞིག་ཡིན་པ་དང༌། སྙན་ཐོ་དེ་བཞིན་ རྒྱ་མི་རིགས་དང་བོད་པ། དེ་བཞིན་ཕྱི་རྒྱལ་བ་ཁག་ཅིག་གིས་ བོད་མཐོ་སྒང་ཐོག་ཞིབ་འཇུག་གནང་བའི་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་གནང་བ་ཞིག་རེད་འདུག། འཛམ་གླིང་གི་རྩེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་དེ་བཞིན་ཨེ་ཤི་ཡའི་ཆུ་ཆེན་ཁག་གི་ཆུ་འགོ་གལ་ཆེ་ཆགས་ཀྱི་ཡོད་པ་ལྟར། བོད་མཐོ་སྒང་གི་ཁོར་ཡུག་ལ་ཉམ་ཉེས་འགྲོ་བཏང་ལ་ཞིབ་འཇུག་གཏིང་གཟབ་གནང་སྟེ།་གནད་དོན་ཁག་གསུམ་ལ་དབྱེ་ནས་། དང་པོ་བོད་མཐོ་སྒང་དེ་གནད་འགག་ཆེ་ལོས་ཇི་ཙམ་ཡིན་མིན་དང༌། གཉིས་པ་བོད་མཐོ་སྒང་ཐོག་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད། གསུམ་པ་མིས་བཟོས་པའི་འབྱུང་རྐྱེན་དང་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཛ་དྲག་ཐབས་ལམ་ཁག་གསལ་བཏོན་གནང་བཞག།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷན་ཁང་གི་ ཁོར་ཡུག་སྡེ་ཚན་གྱིས་ སྙན་ཐོ་དེ་འགྲེམས་སྤེལ་གནང་ཡོད་ཅིང༌། ཁོར་ཡུག་ཚན་པའི་འགན་འཛིན་ བསྟན་འཛིན་ནོར་བུ་ལགས་ཀྱིས་ བོད་མཐོ་སྒར་གི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སྐོར་འདོན་སྤེལ་གནང་བའི་སྙན་ཐོ་དེས་ བོད་པའི་སྤྱི་ཚོགས་དང་ཧི་མ་ལ་ཡའི་མངའ་ཁུལ་ནང་ བོད་ཀྱི་ཁོར་ཡུག་ཐོག་མུ་མཐུད་བརྟག་ཞིབ་གནང་རྒྱུའི་ཞིབ་འཇུག་གི་དཔྱད་གཞིའི་ཡིག་ཆ་ཞིག་ཆགས་པའི་རེ་བ་ཡོད་ཅེས་གསུངས་བཞག།