མའ་ཡིན་ཇུ་གོ་མིང་ཏང་སྲིད་འཛིན་འོས་མིར་ངེས་རྒྱུ།
2011.04.10
༄༅༎དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ། ཐེ་ལྦན་གྱི་ཕྱི་ལོ་༢༠༡༢ལོའི་སྲིད་འཛིན་གྱི་འོས་མིང་ནང་ཐེ་ལྦན་གོ་མིང་ཏང་ནས་འོས་མི་བཞེངས་མཁན་ནི། གོ་མིང་ཏང་གི་ཚོགས་གཙོ་ཡིན་པ་དང་ད་ལྟའི་སྲིད་འཛིན་ལས་ཐོག་པ་མའ་ཡིན་ཇུ་ཁོ་ནར་ཕལ་ཆེར་ངེས་རྒྱུ་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་མའ་ཡིན་ཇུ་ཡིས། མ་འོངས་པའི་༢༠༡༢ ལོའི་སྲིད་འཛིན་གྱི་འོས་མིའི་ནང་བསྐྱར་དུ་བཞེངས་རྒྱུའི་འདུན་པ་ཡོད་ལུགས་གཞུང་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་གནང་འདུག གོ་མིང་ཏང་ཚོགས་པའི་ངོས་ནས་སྲིད་འཛིན་གྱི་འོས་མིའི་ནང་བཞེངས་རྒྱུའི་སྙན་ཞུ་ཕུལ་རྒྱུའི་དུས་བཀག་ནི་རེས་གཟའ་པ་སངས་ཉིན་མཐའ་མ་དེ་ཡིན་པ་རེད། དུས་བཀག་དེའི་ནང་གོ་མིང་ཏང་ཚོགས་པ་ནང་ཁུལ་ནས་མའ་ཡིན་ཇུ་ཡི་སྲིད་འཛིན་གྱི་འོས་བསྡུར་འགྲན་རྩོད་བྱེད་འདོད་པ་ཕལ་ཆེར་བྱུང་མེད་པར་བརྟེན་ནས། རིང་མིན་གོ་མིང་ཏང་དབུས་སྤྱི་ཁྱབ་ཚོགས་ཆུང་ནས་མོས་མཐུན་རྒྱབ་སྐྱོར་ཐོབ་ཚེ། ཕྱི་ཟླ་ལྔ་པའི་འགོ་སྟོད་དུ་༢༠༡༢ལོའི་ཐེ་ལྦན་གྱི་སྲིད་འཛིན་འགྲན་རྩོད་ནང་གོ་མིང་ཏང་གི་ཕྱོགས་ནས་དངོས་སུ་འོས་མིའི་ནང་བཞེངས་མཁན་དེ་སྲིད་འཛིན་མའ་ཡིན་ཇུ་ཁོ་ནར་གཏན་འཁེལ་རྒྱུ་ཡིན་པ་སྔོན་དཔགས་གནང་གི་ཡོད་པ་རེད།