རྔ་བ་ནས་བློ་བཟང་ཚུལ་ཁྲིམས་ཀྱིས་ཞི་རྒོལ་རྗེས་འཇུ་བཟུང་བྱས་འདུག

མདོ་སྨད་རྔ་བ་ནས་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་བོད་ལ་རང་དབང་དགོས་བའི་བོད་དོན་སྐད་འབོད་གནང་རྗེས་འཇུ་བཟུང་བྱས་འདུག

མདོ་སྨད་རྔ་བ་རྫོང་ཐོག་ལ་ཡོད་པའི་རྒྱ་ནག་གི་དམག་མི། ༢༠༡༡།༡༠།༡༧ AFP

མདོ་སྨད་རྔ་བ་ནས་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་བོད་ལ་རང་དབང་དགོས་བའི་བོད་དོན་སྐད་འབོད་གནང་རྗེས་འཇུ་བཟུང་བྱས་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༡༠་བའི་ཚེས་༡༧་ཉིན། དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་སྟེ་རྔ་བ་རྫོང་ཐོག་ནས་བོད་དོན་གོམ་བགྲོད་དང་མཉམ་སྐད་འབོད་བྱས་འདུག
ས་གནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་བརྗོད་དོན། ཁོས་བོད་ལ་རང་དབང་དགོས། རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ཁྲི་ལོར་བརྟན་པར་ཤོག་ཞེས་རྔ་བ་རྫོང་ཐོག་གི་བོད་ཡིག་སློབ་འབྲིང་གི་མདུན་ལམ་ནས་འོ་སྐྱེས་ཆུ་ཁའི་ཕྱོགས་སུ་གོམ་བགྲོད་སྐད་འབོད་གནང་བཞིན་བསྐྱོད་སྐབས་རིང་བོ་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་བརྗོད་འདུག
ཡང་ས་གནས་བོད་མི་གཞན་ཞིག་གིས། ངོ་རྒོལ་དེ་ནི་སྤྱིར་རྒྱ་ནག་གཞུང་གིས་ས་གནས་སུ་དམ་དྲག་དང་ལྷག་དོན་ཉིན་ཤས་གོང་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཆུང་རྟེན་དང་བརྟེན་པ་ལེགས་པར་འགྲུབ་པའི་མཛད་སྒོ་དང་། དེའི་སྔོན་ཚད་མའི་དགུན་ཆོས་ཐེངས་བཅུ་བ་ཚོགས་སྐབས་རྒྱ་ནག་གིས་མངོན་ལྐོག་གཉིས་ནས་དམ་དྲག་བྱས་བའི་རྐྱེན་ཡིན་པ་བརྗོད་འདུག
དེ་བཞིན་ཡང་གནས་ཚུལ་ངོ་སྤྲོད་པ་གཞན་ཞིག་གིས། དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་འཇུ་བཟུང་བཙན་ཁྲིད་རྗེས་རྒྱ་ནག་ཉེན་རྟོག་པས་གཅར་རྡུང་བཏང་ནས་ཉེན་ཁའི་གནས་སུ་ལྷུང་རྐྱེན་སྤྱི་ཚེས་༡༨་ཉིན་རྔ་བ་རྫོང་ཐོག་གི་སྨན་ཁང་ལ་བསྐྱེལ་ཡོད་པ་ཡང་བརྗོད་འདུག
འདི་ག་རླུང་འཕྲིན་ཁང་གིས་རྔ་བ་ཀིརྟི་དགོན་པའི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་སུ་འདྲི་རྩད་བྱས་སྐབས། ཁོང་གིས་གནས་ཚུལ་དེ་འདྲ་བ་གོ་ཐོས་བྱུང་ཡང་ཁ་གསལ་ཤེས་རྟོགས་མ་བྱུང་གསུངས་བྱུང་ལ་འདི་ག་རླུང་འཕྲིན་ཁང་གིས་ཞིབ་ཕྲ་མུ་མཐུད་ནས་རྩད་གཅོད་བྱེད་བཞིན་པ་ཡིན།
དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ནི་མདོ་སྨད་རྔ་བ་ཁུལ་རྔ་བ་རྫོང་མཐའ་བ་གོང་མ་ནས་ཡིན་ཚུལ་འདུག

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org