རྔ་བར་བློ་བཟང་སྐལ་བཟང་གིས་བོད་དོན་སྐད་འབོད་བྱས་འདུག

དེ་རིང་མདོ་སྨད་རྔ་བ་རྫོང་མཁར་གྱི་ཁྲོམ་གཞུང་ནས་བློ་བཟང་སྐལ་བཟང་གིས་བོད་དོན་སྐད་འབོད་བྱས་རྗེས་འཇུ་བཟུང་བྱས་འདུག

དགེ་འདུན་པ་བློ་བཟང་སྐལ་བཟང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ།

དེ་རིང་མདོ་སྨད་རྔ་བ་རྫོང་མཁར་གྱི་ཁྲོམ་གཞུང་ནས་བློ་བཟང་སྐལ་བཟང་གིས་བོད་དོན་སྐད་འབོད་བྱས་རྗེས་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༡༧་ཉིན་གྱི་ཕྱི་དྲོར། མདོ་སྨད་རྔ་བ་རྫོང་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་རྔ་པ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་སྐད་འབོད་རྒྱབ་ཡོད་པ་དང་། དུས་ཚོད་ཅུང་མ་འགོར་བར་ དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
དེ་བཞིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་བཏང་དོན། བོད་དོན་སྐད་འབོད་བྱེད་མཁན་ནི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ཡིན་པ་དང་། ཁོས་མདོ་སྨད་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ་ལག་པ་གཡོན་པས་༧གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་། ལག་པ་གཡས་པས་རླུང་རྟ་གཏོར་བཞིན་བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་ཡོད་ཀྱང་། ཁོང་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་ལྟ་གང་དུ་ཡོད་མེད་དང་གནས་སྟངས་ཇི་འདྲ་ཡིན་སོགས་ཤེས་ཐབས་བྲལ་བ་འཁོད་འདུག རང་ལོ༡༩ཙམ་ཡིན་པའི་བློ་བཟང་སྐལ་བཟང་ལགས་ནི་ཕ་ཡུལ་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་འགབ་མ་ནས་ཡིན་ཞིང་། ཕ་ཚེ་རིང་དང་། མ་བདེ་ཆེན་གཉིས་ལ་བུ་བུ་མོ་གསུམ་ཡོད་པའི་གཉིས་པ་དེ་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་འཛིན་གྲྭ་ཁ་ཏོག་གོང་མ་ཡིན་འདུག
མདོ་སྨད་རྔ་བ་ས་ཁུལ་ནི་བོད་དོན་གྱི་ལས་འགུལ་མང་བོ་སྤེལ་མྱོང་བའི་ས་ཁུལ་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་དམ་དྲག་ཆེན་པོ་བྱེད་མུས་ཡིན་པའི་ཁར། ལྷག་པར་དུ་ས་གནས་དེའི་ནང་དུ་གོང་ལྟར་བོད་ལ་རང་དབང་དགོས་པའི་སྐད་འབོད་རྒྱབ་པའི་གནས་ཚུལ་རིགས་བྱུང་མ་ཐག་རྒྱ་ནག་གཞུང་གིས་ས་གནས་དེའི་ཁུལ་གྱི་གནས་ཚུལ་མཁོ་སྤྲོད་བྱེད་སའི་སྤྱི་ཚོགས་ཀྱི་བརྡ་འཕྲིན་དང་། ཁ་པར་སོགས་ཀྱི་བརྒྱུད་ལམ་ཡོད་ཚད་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ་ཀེ་ཐོ་དང་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org