བློ་བཟང་འཇམ་དབྱངས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་བ།
བློ་བཟང་འཇམ་དབྱངས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་གནང་བ།
-
2012-01-18 -
-
-
༄༅༎ཟླ་བ་འདིའི་ཚེས་༡༤ཉིན་བོད་ནང་གི་དུས་ཚོད་༡།༣༠ཙམ་ལ་ཨ་མདོ་རྔ་བའི་ཨ་འདུས་ཤེ་བ་སྡེ་བའི་ཕ་རྒྱ་མཚོ་དང་མ་ལྷ་ཆུང་གཉིས་ཀྱི་བུ་བློ་བཟང་འཇམ་དབྱངས་ལགས་ཀྱིས་རྔ་བ་རྫོང་མཁར་བཞི་མདོའི་གསང་སྤྱོད་ཅིག་གི་ནང་རང་ལུས་ལ་ས་སྣུམ་བྱུགས་ནས་མེར་བསྲེག་བཏང་སྟེ། ཁྲོམས་གཞུང་དུ་ལུས་ལ་མེ་འབར་བཞིན་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། བོད་ལ་རང་དབང་དགོས་། ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་གནང་འདུག། སྐབས་དེར་གཡས་གཡོན་གྱི་རྒྱ་མིའི་ཉེན་རྟོག་པ་དང་དམག་མི་ཚོས་ཁོང་གི་ལུས་ཐོག་འབར་བཞིན་པའི་མེ་གསོད་རྒྱུའི་ཚབ་ཏུ། འཛེར་མ་ཡོད་པའི་ལྕགས་མདུང་གིས་ཉེས་རྡུང་དྲག་པོ་བཏང་བ་དང༌། རས་དཀར་པོ་ཅིག་གིས་བཀབ་ནས་ཉེན་རྟོག་པ་དང་དམག་མིས་རྡོག་རྗེས་བཏང་བ་སོགས་ཉེ་ཁྲིས་ཡོད་པའི་བོད་མི་རྣམས་སེམས་མ་བཟོད་པར་གོ་མཚོན་ཐོག་པའི་དམག་དཔུང་གི་མདུན་ལ་ལངས་ནས་། བློ་བཟང་འཇམ་དབྱངས་ལགས་རྩིས་སྤྲོད་དགོས་ཚུལ་ཤུགས་ཆེ་བཤད་ནས་། ཁོང་བཙན་ཁྲིད་བྱེད་མ་བཅུགས་པར་བཀག་ཐབས་བྱས་ཀྱང༌། མི་མང་གི་རེ་འདུན་ལ་ཉན་འཇོག་རྩ་བ་ནས་བྱས་མེད་པ་མ་ཟད། མི་མང་གང་བྱུང་འཛིན་བཟུང་དང་གཅར་རྡུང་བྱས་ཡོད་ཅིང༌། འཛེར་མ་ཡོད་པའི་ལྕགས་མདུང་གིས་མང་ཚོགས་ལ་ཉེས་རྡུང་བཏང་བའི་འོག་མི་མང་པོར་རྨས་སྐྱོན་ཚབས་ཆེ་ཕོག་འདུག།
རྨེའུ་རུ་མའི་རུ་ཆེན་གཉིས་པའི་དགའ་ཚང་གི་ཆོས་ཀྱི་ཟླ་བ་རྔ་བ་རྫོང་སྨན་ཁང་དུ་ཡོད་ཀྱང་ཕལ་ཆེར་གསོན་པོར་གནས་པའི་རེ་བ་མེད་པ་དང༌། དེ་མིན་ཕོ་གསར་གཉིས་ལ་ཉེས་རྡུང་བཏང་ནས་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་ཅིང༌། བུད་མེད་ཅིག་གི་མིག་ཡ་གཅིག་ལོང་བ་བཟོས་བཞག། ཡང་མེ་མདའ་བརྒྱབ་ནས་སྨས་སྐྱོན་ཕོག་པའི་བུད་མེད་གཉིས་ཡོད་པ་ཤེས་རྟོག་བྱུང་བ་དང༌། མི་མང་གི་མཐོང་སར་མི་མང་པོ་འཛིན་བཟུང་བྱས་ཡོད་ཀྱང་ཚང་མས་མིང་གསལ་པོ་ཤེས་རྟོག་ཐུབ་མེད་པ་རེད།
དེའི་ཉིན་ཕྱི་མ་ཚེས་༡༥ཉིན་རྔ་བའི་ཁྲོམ་གཞུང་དུ་བོད་མི་ཚོར་འཇིགས་སྐུལ་གྱི་སྦྱར་ཡིག་ཆེན་པོ་མང་པོ་སྦྱར་ཡོད་པ་དང༌། དམག་མི་དང་ཉེན་རྟོག་པས་ཁྲོམ་གཞུང་དུ་སྐོར་གཡེངས་བྱེད་བཞིན་ཡོད་ནའང༌། ས་གནས་བོད་མི་ཚོས་ལོ་གསར་ཚེས་གཅིག་ཉིན་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་ཕྱེ་དགོས་པ་དང༌། ལྟོ་སྐྱོ་པོ་དང་གོས་སྙིང་པ་གྱོན་ནས་མྱ་ངན་གྱིས་ལོ་གསར་ལ་བསུ་བ་བྱེད་དགོས་པའི་ཡི་གེ་མང་པོ་གཏོར་ཡོད་པ་རེད། བློ་བཟང་འཇམ་དབྱངས་ལགས་སུ་རྒྱ་མིའི་ཉེན་རྟོག་པས་ཉེས་རྡུང་ཚོད་མེད་བཏང་བར་བརྟེན། ཁོང་ཕྱི་ཚེས་༡༦ཉིན་འབར་ཁམས་སུ་འདས་གྲོངས་ཕྱིན་ཡོད་པ་དང༌། ཕྱི་ཚེས་༡༧ཉིན་ཁོང་གི་ཕ་རྒྱ་མཚོ་ལགས་དང་གཉེན་ཚན་ཚོས་འབར་ཁམས་ལ་སྐུ་ཕུང་ལེན་པར་ཕེབས་ཡོད་ཀྱང་ལག་སོན་བྱུང་ཡོད་མེད་ད་ལྟ་གནས་ཚུལ་གསལ་པོ་མི་འདུག།