ལིའུ་བཟའ་ཟླས་རྒྱབ་སྐྱོར་གནང་མཁན་ལ་ཐུགས་རྗེ་ཆེ་ཞུས།
2010.10.08
༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་བཙོན་ཁང་དུ་དོ་དམ་འོག་ཡོད་པའི་ལིའུ་ཤའོ་ཕུའུ་གྱི་བཟའ་ཟླས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེ་གཟེངས་རྟགས་ཐོབ་པར་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
དེ་ཡང་ལིའུ་ཤའོ་ཕུའུ་ཡི་བཟའ་ཟླས་ཁ་པར་ཐོག་ཕེ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་བརྗོད་དོན། ཁོང་གི་བཟའ་ཟླ་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་ཧ་ཅང་གི་དགའ་ཚོར་དང་བརྗོད་མི་ཤེས་པའི་དགའ་སྤྲོའི་ཚོར་བ་གཟབ་མོ་ཞིག་འདུག་ཅེས་འགྲེལ་བརྗོད་བྱས་པ་མ་ཟད། ཁོང་གི་ངོས་ནས། ལིའུ་ཤའོ་ཕུའུ་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དམིགས་བསལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ལིའུ་ཤའོ་ཕུའུ་འོས་མིར་མཚམས་སྦྱོར་གནང་མཁན་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦེལ་མཆོག་དང་༧གོང་ས་ཏ་ལའི་བླ་མ་དབུས་པའི་ལིའུ་ཤའོ་ཕུའུ་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌། ཁོང་རང་ཉིད་ནས་ཀྱང་རྒྱ་ནག་གཞུང་ལ་ལིའུ་ཤའོ་ཕུའུ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་ཅེས་དང༌། རྒྱ་མིའི་ཉེན་རྟོག་པས་ཁོང་རང་ལིའུ་ཤའོ་ཕུའུ་བཙོན་འཇུག་བྱེད་ཡུལ་རྒྱ་ནག་གི་བྱང་ཤར་ལའོ་ནིང་ཞིང་ཆེན་དུ་འཁྲིད་ཀྱི་ཡོད་པའི་གནས་ཚུལ་བཤད་བྱུང་བས། དེར་བརྟེན་རེས་གཟའ་སྤེལ་པའི་ཉིན་ཐུག་འཕྲད་བྱུང་སྐབས། ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་གནས་ཚུལ་ཤོད་རྒྱུ་ཡོང་གི་རེད་ཅེས་བཤད་ཡོད་པ་རེད། ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཐོབ་ཧོན་ཇག་ལེན་གྱིས་གསུང་པར། ལོ་ན་༥༤ཡིན་པའི་ལིའུ་ཤའོ་ཕུའུ་ལ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ནི། ཁོང་གིས་དུས་ཡུན་རིང་པོ་དང༌། འཚེ་མེད་ཞི་བའི་ཐོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་འཐབ་རྩོད་བྱས་པར་ཆེ་བསྟོད་ཀྱི་བྱ་དགའ་དེ་སྤྲད་པ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད། རྩོམ་བྲིས་པ་ལིའུ་ཤའོ་ཕུའུ་ནི་དེ་སྔ་༡༩༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གིས་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཐོག་ནས་བཙོན་འཇུག་བྱས་ཡོད་པ་དང༌། ཡང་༢༠༠༨ལོའི་རྩ་འཛིན་ཡིག་ཆ་ཞེས་པ་རྒྱ་ནག་ནང་ཆབ་སྲིད་ཀྱི་བཅོས་བསྒྱུར་གཏོང་དགོས་པའི་སྐོར་གྱི་རྩོམ་བྲིས་གནང་མཁན་དང་ས་རྟགས་བཀོད་པར་བརྟེན་ནས་༢༠༠༨ལོའི་ལོ་མཇུག་ཙམ་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་མུ་མཐུད་བཙོན་ཁང་དུ་ཡོད་པ་རེད།