བོད་དོན་ཞི་བའི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གནས་སྟངས་གསལ་ཆ་མེད་པར་ལོ་བཅུ་གཅིག་འགོར་འདུག
བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གོམ་བགྲོད་ལས་འགུལ་སྐབས་བོར་བརླག་སོང་ནས་ད་བར་ལོ་ངོ་༡༡འགོར་ཡོད་ཀྱང་གནས་སྟངས་ཁ་གསལ་མེད་པར་ལྷག་འདུག
- 2024-06-07
-
-
-
Your browser doesn’t support HTML5 audio
བོད་དོན་ཞི་བའི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད། དགོས་འདུན་དོན་ཚན་ལྔ་བཏོན་སྟེ་༢༠༡༣་ལོའི་གསུམ་བཅུའི་དུས་དྲན་ཉིན་གཞུགས་སྒར་རྡ་རམ་ས་ལ་ནས་བོད་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་བསྐྱར་དུ་འགོ་བཙུགས་རྗེས། ཕྱི་ཟླ་དྲུག་པའི་ཚེས་༨ཉིན་ནས་བཟུང་ལམ་བར་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་ངོ་༡༡འགོར་ཡོད་ཀྱང་ཁོང་གར་ཡོད་གང་ཡིན་སོགས་ཀྱི་གནས་སྟངས་ཁ་གསལ་མེད་པར་ལྷག་ཡོད་པ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་བའི་སྐབས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་ནི། ཆ་རྐྱེན་གང་ཡང་མེད་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་ཕེབས་སུ་འཇུག་དགོས་པ་དང་། ཆ་རྐྱེན་གང་ཡང་མེད་པའི་འོག་༧པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བོད་མིར་རང་གི་སྐད་ཡིག་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། བོད་མིའི་ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་ལོངས་སུ་སྤྱོད་རྒྱུར་རང་དབང་ཆ་ཚང་སྤྲོད་དགོས། བོད་ནང་དུ་ཡོད་པའི་རྒྱ་ནག་གི་དམག་མི་ཡོངས་རྫོགས་བོད་ནས་ཕྱིར་འཐེན་བྱ་དགོས་ཞེས་པ་བཅས་ཡིན་པ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་༢༠༡༣ལོའི་ཕྱི་ཟླ་༣ཚེས་༡༠ཉིན་བཞུགས་སྒར་རྡ་རམ་ས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་རྗེས། བོད་བསྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འགོ་བཙུགས་ཏེ་ཉིན་གྲངས་༨༩རིང་རྒྱ་གར་གྱི་མངའ་སྡེ་༦ཙམ་བརྒྱུད་དེ་སྤྱི་ལེ་༢༡༤༨ལ་གོམ་བགྲོད་གནང་མཐར་ལོ་དེའི་ཕྱི་ཟླ་༦ ཚེས་༨ ཉིན། རྒྱ་གར་གྱི་ནུབ་བྷང་གྷིལ་མངའ་སྡེའི་ཀ་ལོན་སྦུག་སད་རྒྱུད་གྲྭ་ཚང་ནས་ལྕགས་རྟ་དང་ཅ་དངོས་བཞག་སྟེ་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་ངོ་༡༡ཕྱིན་ཡོད་པར། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག ཕྱི་ཚེས་༨ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་བོད་དོན་ཞི་བའི་ལས་འགུལ་དང་འབྲེལ་བའི་སྐོར་ལ་གཏམ་བཤད་དང་། བོད་ཀྱི་གཞོས་སྐྱེས་འགས་བོད་རྒྱ་དབྱིན་ཧིན་བཅས་སྐད་རིགས་བཞིའི་ཐོག་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ངོ་སྤྲོད་དང་ཁོང་གི་དགོས་འདུན་དོན་ཚན་ལྔ་བོ་སྒྲོག་སྦྱངས་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་པ་ཁོང་བོར་བརླག་བྱུང་བའི་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་བསྐྱོད་ཞི་བའི་གོམ་བགྲོད་ཐེངས་དང་པོ་དེ་༢༠༡༢ལོའི་གསུམ་བཅུའི་དུས་དྲན་ཉིན་འགོ་བཙུགས་པ་དང་། ཁོང་དང་མཉམ་དུ་ཁོང་གི་ཨ་མ་སྡོམ་པོ་སྐྱིད་ལགས་དང་གཅུང་མོ་གསུམ་པོས་ཉིན་གྲངས་༦༠རིང་རྒྱ་གར་གྱི་མངའ་སྡེ་༦རྒྱུད་དེ་ སྤྱི་ལེ་༡༣༠༠ཙམ་ལ་གོམ་བགྲོད་གནང་མཐར། ཕྱི་ཟླ་༥ཚེས་༡༣ཉིན་གྱི་མཚན་མོར་རྒྱ་གར་དང་བལ་ཡུལ་ས་མཚམས་ནས་མཐའ་སྲུང་དམག་གིས་བཀག་འགོག་བྱས་སྟབས། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཨ་མ་དང་ནུ་མོ་གཉིས་བཞག་སྟེ། མཚན་མོར་ཁོ་གཅིག་པུས་ས་མཚམས་བརྒལ་ནས་གོམ་བགྲོད་བྱས་བ་དང་། ཕྱི་ཟླ་༥ཚེས་༢༡ཉིན་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་གིས་ཟླ་ངོ་འགའི་རིང་བཙོན་དུ་བཅུག་ཏེ་གློད་གྲོལ་བཏང་རྗེས། བསྐྱར་དུ་བོད་བསྐྱོད་ཞི་བའི་གོམ་བགྲོད་གཉིས་པ་དེ་འགོ་བཙུགས་པ་རེད།
ཁོང་གི་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་བུ་ལ་ཐུག་ཐུབ་པར་རེ་སྒུག་གིས་རྡ་རམ་ས་ལར་བཞུགས་པའི་སྐབས་སྟེ་༢༠༡༨་ལོའི་ཕྱི་ཟླ་༩ ཚེས་༧ཉིན་སྡོད་ཁྱིམ་དུ་གློ་བུར་འདས་གྲོངས་ཕྱིན་ཡོད་པ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི། མདོ་སྨད་བླ་བྲང་སྔོན་ཆགས་གླིང་ཚང་དུ་༡༩༧༩ལོར་སྐྱེས་ཤིང་། ༡༩༩༥ལོར་རྒྱ་གར་དུ་འབྱོར་ཡོད་པ་དང་། ཕྱིས་སུ་ཨི་སེ་རལ་ཡུལ་གྱི་བུད་མེད་ཅིག་དང་གཉེན་སྒྲིག་བྱས་ཏེ་བུ་ཕྲུག་གཉིས་ཡོད་ཅིང་། བོད་ནང་དུ་བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་བྱུང་བཞིན་པའི་སྐབས་དེར་ཁོང་གིས་བཟའ་ཟླ་བུ་ཕྲུག་དང་བཅས་པ་བློས་བཏང་སྟེ་བོད་བསྐྱོད་གོམ་བགྲོད་ལས་འགུལ་དེ་འགོ་བཙུགས་པ་ཞིག་རེད།
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།