གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་གློ་བུར་གྲོངས་འདུག
བོད་དོན་ཞི་བའི་འཐབ་རྩོད་ཁྲོད་གར་སོང་ཆ་མེད་དུ་སོང་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་གློ་བུར་རང་ཁྱིམ་ནས་འདས་གྲོངས་སུ་ཕྱིན་འདུག
- 2018-09-07
-
-
-
བོད་དོན་ཞི་བའི་འཐབ་རྩོད་ཁྲོད་གར་སོང་ཆ་མེད་དུ་སོང་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་གློ་བུར་རང་ཁྱིམ་ནས་འདས་གྲོངས་སུ་ཕྱིན་འདུག
དེ་ཡང་འདི་གའི་གསར་འགོད་པས་རྡ་སའི་མདོ་སྨད་དབུས་རྒྱུན་ལས་སྒྲོལ་མ་འབུམ་ལགས་སུ་འདྲི་རྩད་བྱས་སྐབས། ཕྱི་ཟླ་ ༩ ཚེས་༧་རེས་གཟའ་པ་སངས་ཉིན་གྱི་ཞོགས་པ་སྔ་མོའི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་རྡ་སའི་རང་ཁྱིམ་ནས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་དགུང་ལོ་༦༢་ཡིན་འདུག་ལ་ད་བར་ཤེས་རྟོགས་བྱུང་བ་ལྟར་ན། ཨ་མ་ལྡོམ་པོ་སྐྱིད་ལགས་གློ་བུར་དུ་གྲོངས་རྐྱེན་ནི་ཁྲག་ཤེད་རྒྱས་ནས་ཡིན་པར་ཚོད་དཔག་གནང་གི་འདུག་ལ། དེ་སྔ་ནས་ཁྲག་ཤེས་མཐོ་བའི་ན་ཚ་ཡོད་པ་ངོ་སྤྲོད་གནང་བྱུང་།
ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟའི་ཆར་མདོ་སྨད་དབུས་རྒྱུན་ལས་དང་། ས་གནས་རྒྱུན་ལས་བཅས་ཀྱིས་མཉམ་རུབ་ཐོག་ཨ་མ་སྡོམ་པོ་སྐྱིད་ཀྱི་ཕུང་ཆོས་དང་དེ་བཞིན་མཆོད་འབུལ་བསྔོ་སྨོན་གསུངས་བ་སོགས་བྱེད་བཞིན་ཡོད་འདུག
སྤྱི་ལོ་༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་དང་བསྟུན། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ ༥ བཏོན་ནས་རྡ་རམ་ས་ལ་ནས་འགོ་འཛུགས་ཀྱིས་བོད་ནང་ཞི་བའི་གོམ་བགྲོད་བྱས་ཀྱང་ས་མཚམས་ནས་མ་ཐར་བ་དང་། རྗེས་སུ་གླིང་ཚ་ཚེ་བརྟན་ལགས་གཅིག་པོས་གོམ་བགྲོད་བྱས་རྗེས་གློ་བུར་གར་སོང་ཆ་མེད་དུ་སོང་ཡོད་པ་རེད། ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་སྔ་རྗེས་ཐེངས་འགར་ཟས་བཅད་ངོ་རྒོལ་དང་། རྐྱང་ཕྱག་འཚལ་བའི་ལས་འགུལ་སྤེལ་ཏེ་ཁོང་མ་བུ་གསུམ་གྱིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ལྔ་ལག་བསྟར་ཡོང་བར་འབད་བརྩོན་གནང་ཡོད་པ་རེད།
ཨ་མ་ལྡོམ་པོ་སྐྱིད་ལགས་ནི་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཁོངས་སྔོན་ཆགས་སྡེ་བ་ནས་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།