ལིང་ཝན་ཁྲེང་གིས་ཨ་རིར་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་བཞིན་པ།
རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་ལིང་ཅི་ཧ་ཡི་གཅུང་པོ་ལིང་ཝན་ཁྲེང་གིས་ཨ་རིར་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་བཞིན་ཡོད་པ་རེད།
-
2015-08-06 -
-
-
རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་ལིང་ཅི་ཧ་ཡི་གཅུང་པོ་ལིང་ཝན་ཁྲེང་གིས་ཨ་རིར་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་བཞིན་ཡོད་པ་རེད།
དེ་ཡང་ཁ་ས་ནེའུ་ཡོག་དུས་སྐབས་ཚགས་པར་སོགས་བརྒྱུད་ལམ་ཆེ་ཁག་མང་པོའི་ནང་གནས་ཚུལ་ཐོན་པ་ལྟར་ན། ཉེ་དུས་གོ་གནས་ཕབ་ནས་ཞིབ་བཤེར་ཕོག་པའི་རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་ལིང་ཅི་ཧ་ཡི་གཅུང་པོ་ལིང་ཝན་ཁྲེང་ཨ་རིར་བྲོས་བྱོལ་དུ་སླེབས་ཡོད་པ་དང་། ལིང་ཝན་ཁྲེང་རྒྱ་ནག་ཏུ་ཕྱིར་སློག་གཏོང་དགོས་པ་རྒྱ་ནག་གཞུང་གིས་ཨ་རིར་རེ་བ་བྱས་པ་ཡིན་ནའང་ཨ་རིའི་ཕྱོགས་ནས་ཐད་ཀར་ལན་འདེབས་གང་ཡང་བྱུང་མེད་པ་རེད། ལིང་ཝན་ཁྲེང་ཡིས་ཨ་རིར་ཆབ་སྲིད་སྐྱབས་བཅོལ་ཞུ་བཞིན་པ་ལྟར་སྐྱབས་བཅོལ་ཞུ་སྙན་བསྐྱལ་བའི་དུས་ཚོད་རིང་ལིང་ཝན་ཁྲེང་ཨ་རིར་ཁྲིམས་མཐུན་གྱིས་གནས་སྡོད་བྱེད་ཆོག་གི་ཡོད་པ་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་འབྲེལ་ད་དུང་མིང་དངོས་གསལ་འདོན་མ་གནང་བའི་ཨ་རིའི་དཔོན་རིགས་ཤིག་གིས་སྐད་ཆ་ལུང་འདྲེན་བྱས་དོན་ལ། གལ་སྲིད་ལིང་ཝན་ཁྲེང་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་པ་ཡིན་ན། དེས་རྒྱ་ནག་གུང་ཁྲན་ཏང་གིས་སྲིད་དབང་བཙུགས་ཚུན་དུ་གཏོར་བརླག་ཆེས་ཆེར་ལྡན་པའི་ངོ་ལོག་བྲོས་བྱོལ་བ་ཞིག་ཆགས་རྒྱུ་ཡིན་ལུགས་བཀོད་འདུག་པ་དང་། ཕྱོགས་གཞན་ཞིག་ནས། ད་རེས་ལིང་ཝན་ཁྲེང་ཨ་རིར་བྲོས་བྱོལ་དུ་སླེབས་པ་དེས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཛ་དྲག་ཡིན་བཞིན་པ་དེར་སླར་ཡང་ཛ་དྲག་ཏུ་བཏང་བ་ཞིག་ཡིན་པ་རེད།
ཡང་གོང་གསལ་ཨ་རིའི་དཔོན་རིགས་དེས་ད་དུང་གསལ་སྟོན་བྱེད་ཡག་ལ། རྒྱ་ནག་ཕྱོགས་ནས་ཟླ་ཤས་རིང་ཨ་རིའི་གཞུང་ལ་གནོན་ཤུགས་སྤྲད་དེ་ལིང་ཝན་ཁྲེང་ཕྱིར་སློག་རེ་བ་བྱས་ཡོད་ཅིང་། ལིང་ཝན་ཁྲེང་དེང་སྐབས་ཨ་རིར་གནས་སྡོད་བྱེད་བཞིན་པ་དང་། ཡིན་ནའི་ལིང་ཝན་ཁྲེང་གིས་ཆབ་སྲིད་སྐྱབས་བཅོལ་ཞུས་ཡོད་མེད་ཐད་ཨ་རིའི་དཔོན་རིགས་ཀྱིས་ངེས་གཏན་ཞིག་ཡོངས་གྲགས་བྱས་མེད་ལ་ཡང་ཞིབ་ཕྲ་ག་པར་བསྡད་ཡོད་པ་ཡང་གསལ་སྟོན་བྱས་མེད་པ་རེད།
ལིང་ཅི་ཧ་ཡི་གཅུང་པོ་ལིང་ཝན་ཁྲེང་གིས་རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་ཕེན་གྱི་ཉེ་འབྲེལ་གྱི་འབྲེལ་ཡོད་གནས་ཚུལ་མང་པོ་ཞིག་དམ་འཛིན་ཤེས་རྟོགས་ཡོད་པར་བརྟེན་རྒྱ་ནག་གཞུང་མི་བདེ་བ་ཆེན་པོ་ཞིག་ཡོང་བཞིན་པ་ནེའུ་ཡོག་ཚགས་པར་ཐོག་བཀོད་སྤེལ་བྱས་ཡོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།