རྒྱ་ནག་གིས་སྟག་ཆེན་པོ་ཞིག་ཏང་ནས་ཕྱིར་ཕུད་དང་འཇུ་བཟུང་བྱས།
རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐོ་ཡི་ལས་རོགས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཞིག་ཏང་ནས་ཕྱིར་ཕུད་དང་འཇུ་བཟུང་བྱས་འདུག
-
2015-07-21 -
-
-
རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐོ་ཡི་ལས་རོགས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཞིག་ཏང་ནས་ཕྱིར་ཕུད་དང་འཇུ་བཟུང་བྱས་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐོ་ཡི་ལས་རོགས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ལིང་ཇི་ཧ་ལ་ལྐོག་ཟའི་ནག་ཉེས་བཙུགས་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བྱས་པ་དང་། གཞུང་ཕྱོགས་ནས་ཁྲིམས་བཤེར་བྱ་རྒྱུའི་ཆེད་འཛིན་བཟུང་བྱས་ཟིན་འདུག གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་རྒྱ་ནག་གི་སྲིད་འཛིན་ཤི་ཅིན་ཕེན་གྱི་སྲིད་དབང་བརྟན་པོ་བཟོ་བའི་ཆབ་སྲིད་ལས་དོན་གྱི་རྣམ་གྲངས་ཞིག་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་ན། ལོ་ན་༥༨ཡིན་པ་ལིང་ཇི་ཧ་ནི་ཧུའུ་ཅིན་ཐོ་ཡི་སྲིད་དབང་སྐབས་ཧ་ཅང་དབང་ཤུགས་ཆེ་བའི་དཔོན་རིགས་ཤིག་ཡིན་པ་དང་། ཕྱི་ལོ་༢༠༡༢ལོར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཚད་ཆེ་ཤོས་ཀྱི་སྒྲིག་འཛུགས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་ཚོགས་མིའི་གྲས་སུ་སླེབས་པའི་རེ་བ་ཆེན་པོ་བྱས་ཡོད་ན་ཡང་། ཕྱི་ལོ་ ༢༠༡༢ ལོར་ཁོ་བོའི་བུས་བཏང་པའི་ཧ་ཅང་རིན་གོང་ཆེ་བ་Ferrariཟེར་བའི་མོ་ཊ་དེ་གདུང་ཁ་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན་པ་དང་། མོ་ཊ་དེའི་ནང་བེུད་གཉིས་ཡོད་པ་ལས་གཅིག་དམར་ཧྲེང་བ་ཡིན་པའི་གནས་ཚུལ་ཐོན་རྗེས་རེ་བ་དེ་ཡོངས་སུ་མེད་པར་གྱུར་ཞིང་། དེའི་ཚབ་ཏུ་ཁོ་པར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་འགོ་ཁྲིད་དུ་བསྐོ་བཞག་བྱས་ཡོད་པ་རེད།
ལིང་ཇི་ཧུ་ནི་རྒྱ་ནག་གི་སྲིད་འཛིན་ཤི་ཅིན་ཕེན་གྱི་ལྐོག་ཟའི་བྱ་སྤྱོད་ལ་གདོང་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་ནས་སྟག་ཆེན་པོའི་གྲས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཅིང་། དེའི་གོང་པོ་ཤི་ལེ་དང་ཀྲའོ་ཡུང་ཁའང་གཉིས་ནི་སྟག་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ལིང་ཇི་ཧ་ཡི་ལ་ཁོ་པས་སྲིད་དབང་སྒེར་སྤྱོད་བྱས་ཏེ་རང་གི་ནང་མིའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཆ་འཕེལ་རྒྱས་བཏང་པ་དང་། སྲིད་དབང་གི་ནུས་པ་བེད་སྤྱད་ཏེ་བེུད་འདྲ་མིན་དང་ལུས་འབྲེལ་བྱས་པ། རྒྱལ་ཁབ་ཀྱི་གསང་བ་ཉར་ཚགས་མ་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གསལ་བསྒྲགས་བྱས་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།